༉ ལྷུན་རྩེ་མཁོ་མ་ལས་ སྐྱེས་ལོ་༩༠ ལང་མི་ ཐགས་མཁནམ་སྲིད་ཐར་ལྷ་མོ་གིས་ ཐགས་འཐག་ནིའི་ལམ་སྲོལ་དེ་ ཉམས་མ་བཅུག་པར་ བཞག་ཡོད་པའི་ངོས་འཛིན་ལུ་ སྤྱི་ཟླ་༡༢ པའི་ཚེས་༡༠ ལུ་ མི་དབང་རྒྱལ་ཡུམ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ གཟེངས་བསྟོད་རྟགས་མ་དང་གཅིག་ཁར་ གསོལ་རས་གནང་ཡོདཔ་ཨིན་པས།
མ་འོངས་ཐགས་འཐག་ནིའི་ ལས་རིམ་ཟེར་མི་དེ་ ཐིམ་ཕུག་ལུ་ཡོད་པའི་ རྒྱལ་འཛིན་ཐགས་རིག་སློབ་སྡེ་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྲིད་ཐར་ལྷ་མོ་གིས་ སྐྱེས་ལོ་༡༤ ལས་ ཐགས་འཐག་ནི་འགོ་བཙུགས་ཏེ་ ད་རེས་ ཐགས་འཐག་ནིའི་ལམ་སྲོལ་ལུ་ གཙོ་རིམ་བཟུང་སྟེ་ ལོ་༧༦ ལང་དོ་ཡོདཔ་བཞིན་དུ་ ཡོངས་གྲགས་ཅན་གྱི་ མཁོ་མ་གཡུས་ཚན་ནང་ ཐགས་འཐག་མི་ རྒས་ཤོས་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
དེ་བཟུམ་མའི་ གཟེངས་བསྟོད་རྟགས་མ་ཐོབ་མི་དེ་ འགོ་དང་པ་ཅིག་ཨིན་པས།
སྲིད་ཐར་ལྷ་མོ་གིས་ སླབ་མིའི་ནང་ མི་དབང་རྒྱལ་ཡུམ་མཆོག་ལས་ གཟེངས་བསྟོད་ཀྱི་གསོལ་རས་འཐོབ་འོང་ཟེར་ གཉིད་ལམ་ནང་ཡང་ མ་མཐོངམ་ལས་ ད་རེས་ མི་དབང་རྒྱལ་ཡུམ་མཆོག་དང་ དངོས་སུ་སྦེ་ མཇལ་ཕྲད་ཞུ་ནིའི་ གོ་སྐབས་ཐོབ་མི་དེ་ སྐལ་བ་བཟང་ནུག་ཟེར་ཨིན་པས།
མ་གཞི་ མོ་གིས་ ཐགས་འཐགཔ་ད་ ལེགས་ཤོམ་སྦེ་ མཐོང་མ་ཚུགས་རུང་ མིག་ཤེལ་ལག་ལེན་འཐབ་སྟེ་ ཐགས་འཐག་དོ་ཡོདཔ་ཨིན་པས།
སྲིད་ཐར་ལྷ་མོ་དེ་ སྐྱེས་ལོ་༣༥ ལངམ་ད་ མོ་རའི་རྨགཔ་གྱོངས་སྟེ་ ལོ་༣ གྱི་རྒྱབ་ལས་ མོ་རའི་བུམོ་དེ་ཡང་ གྱོངས་སོཔ་ལས་ཚུར་ མོ་ར་རྐྱངམ་གཅིག་སྦེ་ སྡོད་ཡོདཔ་ཨིན་པས།
མོ་གི་དོན་ལུ་ ཐགས་འཐག་ནི་དེ་ རིག་རྩལ་ལས་ལྷགཔ་སྦེ་ མི་ཚེའི་ཐབས་ལམ་དང་ འོང་འབབ་ཀྱི་ ཐོན་ཁུངས་གཙོ་བོ་ཅན་ཅིག་ཨིན་པས།
རྒྱལ་འཛིན་ཐགས་རིགས་སློབ་སྡེའི་མདོ་ཆེན་ ཨོ་རྒྱན་བསྟན་འཛིན་གྱིས་ སླབ་མིའི་ནང་ གཟེངས་བསྟོད་རྟགས་མ་དེ་ གཞན་དང་མ་འདྲཝ་ཅིག་ཨིན་པའི་ཁར་ ལོ་བསྟར་བཞིན་དུ་ བྱིན་ནི་མེད་པའི་ཁར་ ཚད་གཞི་དང་འཁྲིལ་ཏེ་ བྱིན་དོ་ཟེར་ཨིན་པས།
སྲིད་ཐར་ལྷ་མོ་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༠༠,༠༠༠ དང་ ལག་ཁྱེར་ དེ་ལས་ ཚེ་དཔག་མེད་སྐུ་འདྲ་ཚུ་ཡང་ བྱིན་ཡོདཔ་ཨིན་པས།
སྲིད་ཐར་ལྷ་མོ་གིས་ རྒྱལ་ཁབ་ནང་ སྐུད་ཤུ་ཐགས་རས་འཐག་ནི་གི་ ལམ་སྲོལ་ཉམས་སྲུང་འབད་ནི་ལུ་ གལ་གནད་ཆེ་བའི་ འགན་ཁུར་འབག་སྟེ་ ཡོདཔ་ཨིན་པས།
སྐུད་ཤུ་ཐགས་རས་དེ་ བཟོ་རྣམ་དང་ལག་བཟོ་ཚུ་ ལེགས་ཤོམ་སྦེ་ བཟོ་ཚུགས་མི་ལུ་བརྟེན་ འབྲུག་གི་ ཐགས་རིགས་ཚུ་གི་ སྲོལ་ཁྱུན་ཕྱུགཔོ་དང་ སྒྱུ་རྩལ་ཚུ་ གསལ་སྟོན་འབདཝ་ཨིན་པས།
ཝི་ལི་ཡམ་ ཨེཆ་གེ་གར་ བཟའ་ཚང་གཞི་ཚོགས་ཀྱིས་ མ་དངུལ་རྒྱབ་སྐྱོར་འབད་མི་ མི་ཚེའི་གཏམ་རྒྱུད་ཀྱི་ རྟགས་མ་དེ་ འབྲུག་གི་ཐགས་རིགས་ཀྱི་ སྲོལ་ཁྱུན་ཕྱུགཔོ་ཚུ་ ཉམས་སྲུང་འབད་ནི་ལུ་ ཕན་ཐོགས་སྦོམ་བྱུང་མི་ མི་ངོམ་ཚུ་ལུ་ བྱིན་དོ་ཡོད་པའི་གནས་ཚུལ།

བཅོ་ལྔ་ལྷ་མོ།

Advertisement