༉ ཧེ་མ་ རྒྱལ་ཁབ་ནང་འཁོད་ཀྱི་ སྒེར་གྱི་སློབ་གྲྭ་ཚུ་ ཤེས་རིག་གི་ ལས་སྡེ་ཚུ་གི་གྲས་ལས་ ཡར་དྲག་འགྱོ་མི་ ལས་སྡེ་ཅིག་ཨིན་རུང་ ད་རེས་ སྲིད་བྱུས་བསྒྱུར་བཅོས་འབད་མི་ལུ་བརྟེན་ གནས་མ་ཚུགས་པའི་ དཀའ་ངལ་དང་ གདོང་ལེན་བྱུང་སྟེ་ ཡོདཔ་ཨིན་པས།
འདས་པའི་གཞུང་གིས་ མཐུན་སྒྲིག་མེད་པའི་སྲིད་བྱུས་ཚུ་ བསྒྱུར་བཅོས་འབད་མི་དེ་གིས་ སྒེར་གྱི་སློབ་གྲྭ་ཚུ་ རྒྱུན་བརྟན་མེདཔ་བཟོ་ཡོདཔ་བཞིན་དུ་ དེ་གིས་ སློབ་གྲྭ་མང་ཤོས་ཅིག་ སྒོ་བསྡམས་དགོཔ་བྱུང་བའི་ཁར་ ལྷག་པར་དུ་ ཚོང་འབྲེལ་འཐབ་ནང་ ལཱ་ཁག་ཅན་ཅིག་སྦེ་ བཟོ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ སྒེར་གྱི་སློབ་གྲྭ་ཡོངས་བསྡོམས་༢༡ ཡོད་མི་དེ་ ད་རེས་ སློབ་གྲྭ་༤ ལུ་ ལྷོད་དེ་ཡོདཔ་ཨིན་པས།
དམིགས་བསལ་དུ་ འབྲུག་མཉམ་རུབ་ཚོགས་པའི་གཞུང་གིས་ སྤྱི་ལོ་༢༠༡༩ ལུ་ སློབ་རིམ་༡༠ པ་ལས་ སྐུགས་ཚད་མེདཔ་སྦེ་ བཟོ་མི་དེ་གིས་ སྒེར་གྱི་སློབ་གྲྭ་ཚུ་ལུ་ ཐོ་སྦོམ་སྦེ་ར་ཕོག་ཡོདཔ་ད་ ཨིན་རུང་ སྒེར་གྱི་སློབ་གྲྭའི་འཐུས་ཚབ་ཚུ་གིས་ བཀོད་མིའི་ནང་ འབྲུག་མཉམ་རུབ་ཚོགསཔའི་ སྲིད་བྱུས་རྐྱངམ་གཅིག་མེན་པར་ གནད་དོན་གཞན་ཚུ་གིས་ཡང་ གདོན་ལེ་བྱུང་ཡི་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ འདས་པའི་གཞུང་གིས་ སྒེར་གྱི་སློབ་གྲྭ་ཚུ་ སྣང་མེད་སྦེ་བཞག་ཡོདཔ་མ་ཚད་ ཁོང་གི་ གནས་སྐབས་ཚུ་དང་ཡང་ དོ་འགྲན་འབད་ཡོདཔ་ལས་ ཡུན་བརྟན་གནས་ནི་ལུ་ ལྷག་པར་དུ་ གདོང་ལེན་ཅན་སྦེ་ བཟོ་ད་ཡི་ཟེར་ཨིན་པས།
སྒེར་གྱི་སློབ་གྲྭ་ཚུ་གིས་ སླབ་མིའི་ནང་ གཞུང་༢ པ་གིས་ སློབ་གྲྭ་ལྟེ་བ་ གཞི་བཙུགས་འབད་བའི་སྐབས་ སློབ་གྲྭ་ནང་ སློབ་ཕྲུག་འཛུལ་ཞུགས་དེ་ སློབ་ཕྲུག་༡༠,༠༠༠ ལས་༥,༠༠༠ ལུ་ མར་བབས་སོང་ཡི་ཟེར་ཨིན་པས།
དེ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་སྐྱོང་བའི་སྐབས་ སྤྱི་ལོ་༢༠༢༢ ལུ་ སློབ་ཕྲུག་༥,༠༠༠ གིས་ འཇམ་ཏོང་ཏོ་སྦེ་ གཞུང་གི་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་འབད་ཡོདཔ་ཨིན་པས།
སྲིད་བྱུས་བསྒྱུར་བཅོས་འབད་མི་གིས་ སློབ་གྲྭ་ལེ་ཤ་ཅིག་ར་ སྒོ་བསྡམས་ཡོདཔ་ད་ ལ་ལོ་ཅིག་གིས་ ཡུན་བརྟན་གནས་ཐབས་ལུ་ སློབ་གྲྭ་ཆུང་བ་བཟོ་ཡོདཔ་ཨིན་པས།
སྒེར་གྱི་སློབ་གྲྭའི་ ངོ་ཚབ་ཚུ་གིས་ སླབ་མིའི་ནང་ སློབ་རིམ་༡༠ པའི་ནང་ སྐུགས་ཚད་མེདཔ་སྦེ་ བཟོ་མི་དེ་གིས་ ཤེས་རིག་གི་ སྤུས་ཚད་མར་འབབ་འགྱོ་ནི་ལུ་ ལྷན་ཐབས་འབད་ཡོདཔ་ད་ སྐུགས་ཚད་༣༥ ཐོབ་མི་གིས་ ཤེས་ཡོན་གྱི་ རྒྱབ་སྐྱོར་ག་ནི་ཡང་མེདཔ་ལས་ གཞུང་གི་སློབ་གྲྭ་ཚུ་ནང་ སློབ་ཕྲུག་ལེ་ཤ་སྤུངས་འཛོམས་འབད་ཡོདཔ་ཨིན་པས།
སློབ་ཕྲུག་མ་ཤོང་པའི་ དཀའ་ངལ་དེ་ དམིགས་བསལ་དུ་ ཁྲོམ་སྡེ་ཚུ་ནང་ཡོདཔ་ད་ དཔེར་ན་ ཐིམ་ཕུག་ བདེ་ཆེན་ཆོས་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ སློབ་ཕྲུག་༢,༠༠༠ དེ་ཅིག་ཡོདཔ་ད་ གཞུང་གིས་ གནས་སྟངས་ལེགས་ཤོམ་སྦེ་ བཟོ་དགོ་པ་ཅིན་ ཟད་འགྲོ་ལེ་ཤ་གཏང་སྟེ་ སློབ་གྲྭ་གསརཔ་ ལེ་ཤ་རྐྱབ་དགོ་པའི་ཁར་ སློབ་དཔོན་ཚུ་ཡང་ གསར་བཙུགས་འབད་དགོཔ་འོང་ཟེར་ ངོ་ཚབ་ཚུ་གིས་ བཤདཔ་ཨིན་པས།
གདོང་ལེན་དེ་ཚུ་ སེལ་ཐབས་དོན་ལུ་ སྒེར་གྱི་སློབ་གྲྭ་ཚུ་གིས་ སྒེར་གྱི་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་འབད་མི་ སློབ་ཕྲུག་ཚུ་གི་དོན་ལུ་ གཞུང་ལས་ རྒྱབ་སྐྱོར་གནང་ནིའི་དོན་ལས་ རྩིས་ཤོག་ལམ་ལུགས་ཀྱི་ གྲོས་འཆར་བཀོད་དེ་ཡོདཔ་ད་ དེ་གིས་ གཞུང་གི་སློབ་གྲྭ་ཚུ་ནང་ སློབ་ཕྲུག་མ་ཤོང་པའི་ དཀའ་ངལ་ཚུ་ སེལ་ཐབས་འབད་ཚུགས་ཟེར་ ངོ་ཚབ་ཚུ་གིས་ བཤདཔ་ཨིན་པས།
སྒེར་གྱི་སློབ་གྲྭ་ཚུ་ནང་ རྒྱབ་སྐྱོར་མེན་པར་ གཞུང་གིས་ བཟོ་སྐྲུན་གསརཔ་ཚུ་ལུ་ རྒྱབ་སྐྱོར་འབད་དེ་ཡོདཔ་ད་ གཞུང་གིས་ དོན་མེད་ཀྱི་ བཟོ་སྐྲུན་ནང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༠༠ བཏང་མི་ལས་ སྒེར་གྱི་སློབ་གྲྭ་ཚུ་ནང་ མ་རྩ་གཞི་བཙུགས་ དངུལ་ཀྲམ་ས་ཡ་༡༠ འབད་བ་ཅིན་ དྲག་འོང་ཟེར་ ངོ་ཚབ་ཚུ་གིས་ བཤདཔ་ཨིན་པས།
དེ་ལས་ གཞུང་གིས་ སློབ་གྲྭ་ལྟེ་བ་ཚུ་ གོང་འཕེལ་གཏང་པ་ཅིན་ སྒེར་གྱི་སློབ་གྲྭའི་ སློབ་ཕྲུག་ཚུ་ གཞུང་གི་སློབ་གྲྭ་ནང་ འགྱོ་ནིའི་ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས།
སྒེར་གྱི་སློབ་གྲྭའི་ ངོ་ཚབ་ཚུ་གིས་ སླབ་མིའི་ནང་ སྒེར་གྱི་སློབ་གྲྭ་ཚུ་གིས་ ཐད་ཀར་དུ་ གཞུང་གི་སློབ་གྲྭ་ཚུ་ནང་ དོ་འགྲན་འབད་མི་འོང་ནི་དང་ དེ་བ་ གཞན་དང་མ་འདྲ་བའི་ལས་རིམ་ སྙན་ཆ་དང་ རྩེད་རིགས་ དེ་ལས་ རིས་མོ་ཚུ་ནང་ གཙོ་རིམ་བཟུང་དགོ་ཟེར་ཨིན་པས།
སྒེར་གྱི་སློབ་གྲྭ་ཚུ་ གཞུང་གིས་ དམིགས་བསལ་གྱི་ སློབ་གྲྭ་གཞི་བཙུགས་ནི་སྦེ་ འཆར་གཞི་ཡོད་མི་ལུ་ སེམས་དང་མ་ལྡན་པར་ཡོདཔ་བཞིན་དུ་ དེ་ཡང་ སྒེར་སྡེ་ཚུ་ལུ་བཞག་པ་ཅིན་ ལེགས་ཤོམ་འོང་ཟེར་ཨིན་པས།
ངོ་ཚབ་ཚུ་གིས་ བཤད་མིའི་ནང་ སྒེར་གྱི་སློབ་གྲྭ་ཚུ་གིས་ འདས་པའི་གཞུང་དང་ མཉམ་འབྲེལ་འབད་ནིའི་ དཔའ་བཅམ་ཡོད་རུང་ མཐར་འཁྱོལ་འབྱུང་མ་ཚུགས་པའི་ཁར་ གཞུང་གིས་ ཁོང་རའི་ཁས་བླངས་དེ་ འགྲུབ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་ད་ དེ་གིས་ སྒེར་གྱི་སློབ་གྲྭ་དང་ ཤེས་ཡོན་ལམ་ལུགས་༢ ཆ་ར་ལུ་ ཐོ་ཕོག་ཅི་ཟེར་ཨིན་པས།
གནམ་བྱཱར་གྱི་སྤྱི་ཚོགས་ནང་ འཐུས་མི་ལ་ལོ་ཅིག་གིས་ ནང་རིག་གི་མཐོ་རི་སློབ་གྲྭ་སྦེ་ བཟོ་ནི་ལུ་ གཞུང་གིས་ སྒེར་གྱི་སློབ་གྲྭ་ཚུ་ ཉོ་དགོཔ་སྦེ་ གྲོས་འདེབས་བཀོད་ཡོདཔ་ཨིན་པས།
ཤེས་རིག་གི་ རྒྱལ་ཡོངས་ཚོགས་སྡེའི་དམིགས་བསལ་གྱི་ ཚོགས་ཆུང་གིས་ཡང་ འཐུས་གཞི་བཀོད་དང་ ལག་ལེན་ཚ་གྱང་གི་ གནད་དོན་ཚུ་ སེལ་ཐབས་ལུ་ གཞུང་གི་ སྒེར་གྱི་སློབ་གྲྭའི་ལམ་སྟོན་དེ་ བསྐྱར་ཞིབ་འབད་དགོཔ་སྦེ་ གྲོས་འཆར་བཀོད་དེ་ ཡོདཔ་ཨིན་པས།
ད་ལྟོའི་གཞུང་གིས་ སྒེར་གྱི་སློབ་གྲྭའི་ ཁ་གསལ་འཆར་གཞི་ཚུ་ མ་བལྟ་བར་ཡོདཔ་ད་ ཨིན་རུང་ འཛིན་སྐྱོང་དང་ རྩ་གཞུང་བཟོ་བཀོད་ དེ་ལས་ ཕྱིའི་སློབ་དཔོན་ གསར་བཙུགས་འབད་ནི་ཚུ་ རང་དབང་བཟོ་སྟེ་ ཤེས་རིག་ལམ་ལུགས་ནང་ རྒྱབ་སྐྱོར་འབད་ནི་སྦེ་ ཁས་བླངས་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement