༉ མི་སྡེ་དང་ སློབ་གྲྭ་ཚུ་ནང་ལས་ཕར་ སྒྲིག་ལམ་རྣམ་གཞག་དེ་ མར་ཉམས་སུ་འགྱོ་དོ་ཡོད་མི་ལུ་བརྟེན་ འབྲུག་པའི་སྔར་སྲོལ་དང་ ལམ་སྲོལ་གཞན་གྱི་རིགས་ཚུ་ ཡར་འཕེལ་དོན་ལུ་ སྦྱོང་བརྡར་ཚུ་ བྱིན་དོ་ཡོདཔ་ཨིན་པས།
གནད་དོན་འདི་ཚུ་ལུ་བརྟེན་ སྤ་རོ་ལུ་ ཁ་ཙ་མཇུག་བསྡུ་མི་ ཉིནམ་༡༢ ཀྱི་སྒྲིག་ལམ་རྣམ་གཞག་གི་ སྦྱོང་བརྡར་ལས་རིམ་ནང་ སློབ་དཔོན་༩༧༠ དང་ རྫོང་ཁག་༢༠ འི་ལས་བྱེདཔ་ དེ་ལས་ སྒེར་གྱི་སློབ་གྲྭ་༦ ཡོད་མི་ཚུ་གིས་ སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་ཡོདཔ་ད་ སྤྱི་ཟླ་༨ པའི་ཚེས་༩ ལས་ འགོ་བཙུགས་མི་སྦྱོང་བརྡར་ལས་རིམ་དེ་གི་ དམིགས་ཡུལ་གཙོ་བོ་ཅིག་ སློབ་དཔོན་དང་ སློབ་གྲྭའི་སློབ་ཕྲུག་ཚུ་ལུ་ སྒྲིག་ལམ་རྣམ་གཞག་གི་ དམིགས་ཡུལ་བསྐྱེད་དེ་ཨིན་པས།
ནང་སྲིད་ལྷན་ཁག་གི་འོག་ལུ་ རྫོང་ཁག་ཤེས་རིག་སྡེ་ཚན་དང་ སྒྲིག་ལམ་སྡེ་ཚན་གྱིས་ སྦྱོང་བརྡར་ཐེངས་གཉིས་པ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ འདི་དང་ཅོག་འཐདཔ་སྦེ་ དབང་འདུས་ལུ་ཡང་ འགོ་འདྲེན་འཐབ་ནི་ཨིན་ཟེར་ཨིན་པས།
རྫོང་ཁག་ཤེས་རིག་གཙོ་འཛིན་འགོ་དཔོན་འོགམ་ ཀརྨ་ཚེ་རིང་གིས་ བཤདཔ་མིའི་ནང་ ལས་རིམ་གྱི་དམིགས་ཡུལ་གཙོ་བོ་ སློབ་གྲྭ་དང་ མི་སྡེ་ཚུ་ནང་ལས་ཕར་ སྒྲིག་ལམ་རྣམ་གཞག་ཚུ་ མར་ཉམས་འགྱོ་དོ་ཡོད་མི་ལུ་ ཚ་གྱང་ལང་སྟེ་ སྦྱོང་བརྡར་ཚུ་ བྱིནམ་ཨིན་ཟེར་ཨིན་པས།
སྦྱོང་བརྡར་གྱི་དམིགས་ཡུལ་གཞན་མི་དེ་ སློབ་གྲྭ་ཚུ་ནང་ལས་ཕར་ རང་སྲོག་བཅད་མི་དང་ བརྙེས་བཅོས་འབད་མི་ ཕམ་ཡ་བྲལ་གྱི་ གནད་དོན་ཚུ་ལུ་ ཞི་བདེ་བྱིན་ཐབས་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
སྦྱོང་བརྡར་གྱི་སྐབས་ལུ་ རིག་རྩལ་དང་ ལུས་སྦྱོང་གི་ཐོག་ལས་ ལྷབ་སྦྱང་ཚུ་འབད་ཡོདཔ་ཨིན་པས།
དབང་གསལ་སྤེལ་ཁང་གི་སློབ་དཔོན་ བདེ་ཆེན་དབང་འདུས་ཀྱིས་ བཤད་མིའི་ནང་ ལས་རིམ་ཚུ་ རྣམ་ཅོག་གོ་མ་ཚུགས་མི་ཚུ་ལུ་ དམིགས་བསལ་གྱི་ ཁེ་ཕན་བྱུང་ཡོད་རུང་ ཁྱིམ་ནང་་འབྲེལ་བ་འཐབ་ནི་ལུ་ གདོང་ལེན་ཚུ་བྱུང་བཞིན་དུ་ཡོདཔ་ཨིན་པས།
དབང་པོ་ལུ་ཐོ་ཕོག་སློབ་དཔོན་དང་ སློབ་དཔོན་གཞན་ཚུ་ག་ར་ལུ་ སྒྲིག་ལམ་རྣམ་གཞག་གི་ སློབ་སྟོན་ཚུ་བྱིན་ཡོདཔ་ད་ བདེ་ཆེན་དབང་འདུས་ཀྱིས་ བཤད་མིའི་ནང་ ང་བཅས་ཀྱིས་ ལྷབ་སྦྱང་འབད་མི་ཤེས་ཡོན་ཚུ་ ག་དེ་སྤེལ་ཚུགས་ཚུ་ སྤེལ་ནི་ཨིན་ཟེར་ཨིན་པས།
འབྲུག་རྒྱལ་སློབ་གྲྭ་ལྟེ་བའི་དབུ་འཛིན་ དབང་མོ་གིས་ བཤད་མིའི་ནང་ སྦྱོང་བརྡར་བྱིན་མི་གིས་ འབྲུག་པའི་གནད་ཚད་ཡར་དྲག་བཟོ་ཚུགས་པའི་ཁར་ ལས་རིམ་འདི་ནང་ལས་ ང་བཅས་ནང་པའི་ལམ་སྲོལ་ལུ་ ལུས་ངག་ཡིད་གསུམ་ག་ཅི་སྦེ་་ཁག་ཆེཝ་ཨིན་ན་ ཧ་གོ་ཡི་ཟེར་ཨིནམ་ད་ སྦྱོང་བརྡར་ལུ་བརྟེན་ ང་བཅས་ཀྱི་མི་སྡེའི་ནང་ འགྱུར་བ་ཚུ་ ཡར་དྲག་འགྱོ་ཚུགས་ཟེར་ཨིན་པས།
ཝ་ན་ཁ་སློབ་གྲྭ་ལྟེ་བའི་སློབ་དཔོན་ དམ་ཆོས་རྡོ་རྗེ་གིས་ བཤད་མིའི་ནང་ སྦྱོང་བརྡར་གྱི་སྐབས་སུ་ བཀབ་ནེ་དང་ རག་ཅུང་བཀབ་ཐངས་ལས་འགོ་བཙུགས་ ལྷབ་སྦྱང་འབད་མི་གིས་ སློབ་དཔོན་ཚུ་གིས་ ཁོང་རའི་སློབ་ཕྲུག་ཚུ་ལུ་ ལམ་སྲོལ་དེ་ ག་དེ་ཅིག་བརྩི་མཐོང་ཡོདཔ་ཨིན་ན་ ཧ་གོ་ཚུགསཔ་ བཟོ་ཚུགས་ནི་མས་ཟེར་ཨིན་པས།
སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ ལ་ལོ་ཅིག་གིས་ བཤད་མིའི་ནང་ འདི་བཟུམ་གྱི་སྦྱོང་བརྡར་ཚུ་ འཕྲལ་འཕྲལ་སྦེ་ར་ འགོ་འདྲེན་འཐབ་ནི་དང་ ས་མཚམས་མི་སྡེ་ཚུ་ནང་ལས་ཕར་ དར་ཁྱབ་བཏང་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།