ཨིན་རུང་ འདས་པའི་ལོ་དང་ཕྱདཔ་ད་ དུས་ཅི་ ཆོས་རྒྱུགས་རྐྱབ་མི་གི་ གྱངས་ཁ་ཡང་ ཡར་སེང་སོང་ཡོཔ་ཨིན་པས།

༉ དུས་ཅི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ སྔོན་འགྲོའི་ཆོས་རྒྱུགས་ནང་ལས་ མཐོ་རིམ་ཤེས་ཚད་འཆང་མི་༢,༦༨༦ འབདཝ་ད་ བརྒྱ་ཆ་༦༥.༤༨ རྐྱངམ་གཅིག་གིས་ མཐར་འཁྱོལ་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་ཡང་ ད་རིས་ གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ མི་ངོམ་༡,༤༡༦ གིས་ མཐར་འཁྱོལ་མ་ཚུགས་པས།
ཆོས་རྒྱུགས་ནང་ལས་ བརྒྱ་ཆ་༥༠ ཐོབ་སྟེ་ མཐར་འཁྱོལ་མི་དང་ སྔོན་འགྲོའི་ཆོས་རྒྱུགས་མ་རྐྱབ་མི་ ཤེས་རིག་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་དང་ སྨན་གཡོགམོ་ ཌོག་ཊར་གྱི་སྦྱོང་བརྡར་འཆང་མི་ཚུ་གིས་ ཞི་གཡོག་གི་ ས་སྟོང་ཡོངས་བསྡོམས་༡,༣༠༦ ཡོད་མི་ལུ་ དོ་འགྲན་འབད་ནི་ཨིན་པས།
མི་ངོམ་ཚུ་གིས་ ཞི་གཡོག་ལྷན་ཚོགས་ཀྱི་ སྤྱིར་བཏང་ཆོས་རྒྱུགས་ཡང་ སྤྱི་ཟླ་༡༠ པའི་ཚེས་༣ ལས་༥ ཚུན་ འགོ་འདྲེན་འཐབ་ནི་ཨིན་པས།
དུས་ཅི་ ཆོས་རྒྱུགས་མཐར་འཁྱོལ་གྲུབ་འབྲས་དེ་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༤ དེ་ཅིག་ ཡར་སེང་སོང་ཡོདཔ་བཞིན་དུ་ ཆོས་རྒྱུགས་རྐྱབ་མི་གི་ གྱངས་ཁ་ཡང་ དུས་ཅི་ ཡར་སེང་སོང་ནུག།
སྤྱི་ལོ་༢༠༢༣ ལུ་འབད་བ་ཅིན་ མི་ངོམ་༣,༣༧༠ གིས་ སྔོན་འགྲོའི་ཆོས་རྒྱུགས་ རྐྱབ་མི་ལས་༢,༠༤༨ རྐྱངམ་གཅིག་གིས་ མཐར་འཁྱོལ་མི་འབདཝ་ད་ བརྒྱ་ཆ་༦༠.༧༧ གྱི་བརྩིས་ཨིན་པས།
དུས་ཅི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ལཱ་གཡོག་གི་ ས་སྟོང་ཚུ་ཡང་ འདས་པའི་ལོ་དང་ཕྱདཔ་ད་༡༨༡ དེ་ཅིག་ ཡར་སེང་འབད་ཡོདཔ་ཨིན་པས།
ན་ཧིང་ ལྷན་ཚོགས་ནང་ ས་སྟོང་༡,༡༢༥ ལས་བརྒལ་མེདཔ་ཨིན་པས།
དུས་ཅི་ ཤེས་རིག་ནང་ གཙུག་ལག་ཁྱད་རྩལ་ཤེས་ཡོན་ནང་ ས་སྟོང་༢༨༠ དང་ སློབ་དཔོན་སློབ་སྦྱོང་གི་ ས་སྟོང་༤༡༠ དེ་ལས་ འཕྲུལ་རིག་ཞབས་ཏོག་གི་ དབྱེ་ཁག་ནང་ ས་སྟོང་༤༩༣ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ བདག་སྐྱོང་ཞབས་ཏོག་ནང་ ས་སྟོང་༥༥ དང་ དངུལ་འབྲེལ་ཞབས་ཏོག་ནང་ ས་སྟོང་༤༠ དེ་ལས་ ཁྲིམས་དོན་གྱི་ཞབས་ཏོག་ནང་ ས་སྟོང་༢༨ བརྩིས་ཏེ་ ས་སྟོང་ཡོངས་བསྡོམས་༡༢༣ ཡོདཔ་ཨིན་པས།
ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་ངོ་མ་ རྐྱབ་མི་ཚུ་གི་ ཡིག་ཆ་ཚུ་ སྤྱི་ཟླ་༨ པའི་ཚེས་༢༦ ལས་ ཟླ་༩ པའི་ཚེས་༥ གི་ནང་འཁོད་ལུ་ བདེན་དཔྱད་འབད་དགོཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement