༉ ཀྲོང་གསར་རྫོང་ཁག་གི་ བྱང་ཕྱོགས་ཁ་ཐུག་ ནུབ་སྦིས་རྒེད་འོག་ མང་སྡེ་ཕུག་གཡུས་ཚན་ནང་ ས་ཆ་གངས་རི་གིས་བརྒྱན་པའི་གུ་ མཐའ་འཁོར་ནགས་ཚལ་ སྟུག་དྲགས་ཀྱིས་བསྐོར་ཏེ་ཡོད་པའི་ མཐའ་ཟུར་གྱི་གཡུས་ཚན་དེ་ནང་ དྲན་སྣང་ཅན་ཅིག་སྦེ་ཡོད་རུང་ ནགས་ཚལ་དེ་ གཅན་གཟན་སྟག་གི་ སྡོད་གནས་འབད་ནི་དེ་གིས་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་མི་ལུ་བརྟེན་ གཡུས་མི་ཚུ་ལུ་ རྒུད་སྦོམ་ཕོག་དོ་ཡོདཔ་ཨིན་པས།
ཟླཝ་༢ ཀྱི་ནང་འཁོད་ལུ་ སྐྱེས་ལོ་༨༣ ལང་མི་ ཉིམ་ཅུ་གི་ བོའུ་ཅུང་༢ གཅན་གཟན་སྟག་གིས་བསད་ཡོདཔ་ད་ དུས་ཅི་ སྤྱི་ཟླ་༧ པ་དང་༩ པའི་བར་ན་ སྒོ་ནོར་སེམས་ཅན་༡༦ གཅན་གཟན་སྟག་གིས་ བསད་ཡོདཔ་ཨིན་པས།
མང་སྡེ་ཕུག་དང་ ལྗོངས་ཐང་ དེ་ལས་ སེམས་སྦྱིས་གཡུས་ཚན་གྱི་ སོ་ནམ་པ་ཚུ་གི་ ཁྱིམ་གུང་མང་ཤོས་ཅིག་ནང་ ནོར་ཤི་ཤི་བའི་ པགས་ཀོ་བསྐམས་བཞག་མི་ཚུ་ གྱང་གུ་ལས་མར་ དཔྱངས་བཞག་སར་ མཐོང་དོ་ཡོད་མི་གིས་ གཅན་གཟན་དང་ བྲེལ་ཟིང་བྱུང་བའི་ དྲན་ཚོར་བཟུམ་ཅིག་ཨིན་པས།
སྟག་དེ་གིས་ ནོར་༢ དེ་རེ་ སྟབས་གཅིག་ཁར་ བསད་བཞགཔ་མས་ཟེར་ ཉིམ་ཅུ་གིས་ བཤད་མི་དེ་ཡང་ ཁོ་རའི་ནོར་ཁྱིམ་གུ་ལས་མར་ ནོར་བསད་མིའི་ པགས་ཀོ་བསྐམས་བཞག་མི་ལུ་ལྟ་སྟེ་ ལོ་རྒྱུས་སླབ་པའི་ཁར་ ངེ་གི་བུ་གི་ བ་ཨོམ་བཞོ་ནི་ཡོད་མི་དེ་ཡང་ གཅན་གཟན་སྟག་གིས་ གནོད་སྐྱོན་རྐྱབ་སྟེ་ ཉིནམ་གཉིས་ཀྱི་རྒྱབ་ལས་ ཤི་སོ་ཡི་ཟེར་ཨིན་པས།
ཚར་གཅིག་འབདཝ་ད་ ཁོ་ལུ་ནོར་༤༠ དེ་ཅིག་ཡོད་མི་ལུ་བརྟེན་ དཔའ་ཉམས་བསྐྱེད་དེ་ སྡོད་ཡོདཔ་ཨིན་རུང་ ད་རེས་འབད་བའི་བསྒང་ལས་ ནོར་༨ ལུ་ལྷོད་ཡོདཔ་ད་ ང་ར་ སྐྱེས་ལོ་༣༠ སྦེ་ ནོར་འཚོ་སྡོད་པའི་སྐབས་སུ་ སྟག་ཕོ་མོ་གཉིས་དང་ ཕྱུག་གུ་ཅིག་མཐོང་ཅི་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ སྟག་ཕུད་རྡོག་ཅིག་ཡང་ མ་མཐོང་རུང་ ནོར་ཚུ་འཕྲོ་མཐུད་དེ་ར་ སྟག་གིས་བསདཔ་མས་ཟེར་ཨིན་པས།
གཅན་གཟན་སྟག་གིས་ གཡུས་ཁ་ལས་ཕར་ ཐོན་འོང་ནི་དེ་ གཡུས་མི་ཚུ་ལུ་ འཇིགས་སྣང་གི་ གཞི་ཅིག་ཨིན་མས་ཟེར་ཨིནམ་ད་ ཉིམ་ཅུ་གི་བུམོ་ བསོད་ནམས་ལྷ་མོ་དེ་ མོ་རའི་ཟ་ཚང་གི་ཉེན་སྲུང་ལུ་ ཚ་གྱང་ལང་སྟེ་ཡོདཔ་ད་ ཟླཝ་རེ་ནང་ ནོར་གཉིས་དེ་རེ་བསདཔ་མས་ཟེར་ཨིནམ་ད་ སྟག་གི་རྐང་རྗེས་དེ་ དྲོ་པ་ཧ་སག་མཐོང་ཚུགས་དོ་ཡོདཔ་ལས་ ཉིནམ་གཅིག་གི་ཚེ་ སྟག་གིས་ ང་བཅས་ཀྱི་ཁྱིམ་ནང་ འཛུལ་མི་འོང་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
ལྗོངས་ཐང་གཡུས་ཚན་ལས་ སྐྱེས་ལོ་༥༠ ལང་མི་ ཏའུ་མོ་གིས་བཤད་མིའི་ནང་ ཁོང་ཆ་ཁྱབ་ ཨ་རྟག་ར་ འདྲོག་སྟེ་སྡོད་དགོ་པའི་ཁར་ གནམ་ཉིན་མ་འབད་རུང་ ནོར་ཚུ་ན་འཐན་སྦེ་ འཚོ་སྡོད་དགོ་པས་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ དཀའ་ངལ་དེ་ ནགས་ཚལ་ཚུ་ནང་ལས་ཕར་ བྱུང་དོ་ཡོད་རུང་ ད་རེས་འབདཝ་ད་ གཡུས་ཚན་ཚུ་ནང་ལས་ཕར་ཡང་ ཐོནམ་མས་ཟེར་ཨིན་པས།
གཡུས་མི་གཞན་ ཀུན་བཟང་ནོར་བུ་གིས་ དྲན་ཚོར་འབད་མིའི་ནང་ ཁྱིམ་ཚང་ཚུ་ གནམ་ནུབ་མོ་ཕར་ཚུར་འགྱོཝ་ད་ གཅན་གཟན་སྟག་དང་ ཕྱདཔ་མས་ཟེར་ཨིནམ་ད་ གནམ་བསྲོ་ཞིནམ་ལས་ ལོ་ཐོག་བསྲུང་སྡོད་ནི་དང་ འགྲོ་འགྲུལ་འབད་ནི་ལུ་ ཉེན་ཁ་སྦོམ་ར་འདུག་ཟེར་ཨིན་པས།
གཡུས་མི་ལ་ལུ་ཅིག་གིས་ ནོར་འཚོ་སྐྱོང་མི་འཐབ་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ བ་ཨོམ་བཞོ་ནི་ཡོད་མི་ཚུ་ གསོ་སྐྱོང་འབད་དེ་ བདག་འཛིན་འཐབ་དོ་ཡོད་རུང་ ཨོམ་བཞོ་ནི་མེད་མི་དང་ གླང་གི་རིགས་ཚུ་ རྩྭ་ཟ་བར་ག་ལྷོད་བཏང་བཞག་མི་ལུ་བརྟེན་ གཅན་གཟན་གྱིས་ བསད་དོ་ཡོདཔ་སྦེ་ཨིན་པས།
ཀུན་བཟང་ནོར་བུ་གིས་ ལོ་༣ གྱི་ནང་འཁོད་ལུ་ གླང་༧ གཅན་གཟན་སྟག་ལུ་ཤོར་ཡོདཔ་ད་ ད་རེས་ནངས་པར་འབདཝ་ད་ གླང་གསོ་སྐྱོང་འཐབ་ནི་དེ་ གཅན་གཟན་སྟག་གི་དོན་ལུ་ གསོ་དོ་བཟུམ་ཅིག་སྦེ་ ཨིན་མས་ཟེར་ཨིན་པས།
སྟག་གིས་ ནོར་བསད་ནི་དེ་ ནགས་ཚལ་ནང་རྐྱངམ་གཅིག་མེན་པར་ ད་རེས་ འཕྲལ་ཁམས་ཅིག་ཁར་ གླང་ག༢ ཞིང་ནང་ར་བསད་ཡོདཔ་ད་ སྤྱི་ཟླ་༡༢ པའི་ཚེས་༣༠ ལུ་ ཀུན་བཟང་པདྨ་དབྱངས་སྒྲོན་གྱི་ བ་ཨོམ་བཞོ་ནི་ཡོད་མི་དེ་ གཡུས་ཚན་གྱི་འོག་ལུ་ ཞིང་ནང་འཚོ་སྡོདཔ་ད་ར་ སྟག་གིས་བསད་ད་ནུག་ཟེར་ཨིན་པས།
ད་རུང་ དེ་གི་ནངས་པར་ཟེརཝ་ད་ གླང་གཉིས་ཡང་ གནམ་ཉིན་མར་ ས་གནས་དེ་ཁ་ར་ སྟག་གིས་བསད་ད་ནུག་ཟེར་ཨིན་པས།
ང་ར་ ནོར་ཁྱིམ་ནང་འཛུལ་སྡོད་པའི་བར་ན་ ངེ་གི་བ་དེ་ སྐད་རྐྱབ་སར་གོ་མི་ལུ་བརྟེན་ དེ་འཕྲོ་ལས་ ཕྱི་ཁར་ཐོན་བལྟཝ་ད་ ངེ་གི་བ་དེ་ སྟག་གིས་བསད་ཚར་ནུག་ཟེར་ཨིནམ་ད་ ཨོམ་བཞོ་ནི་ཡོད་པའི་བ་ ཞིང་ནང་བསད་མི་དེ་ འགོ་དང་པ་ཨིན་ཟེར་ཨིན་པས།
མོ་གིས་ ནོར་༢ ཉེན་བཅོལ་འབད་མི་གིས་ ནོར་རེ་ལུ་ རྒུད་འཐུས་དངུལ་ཀྲམ་༣,༠༠༠ རེ་ཐོབ་ཅི་ཟེར་ཨིནམ་ད་ འདས་པའི་ཟླཝ་ནང་ སྟག་དེ་གིས་ ཡ་ལ་སྤང་རྩྭ་འབྲོག་ནང་འཛུལ་ཏེ་ གླང་༡ བསད་ཡོདཔ་སྦེ་ཨིན་པས།
དབང་ཕྱུག་བརྒྱ་འཁོར་གླིང་ཁའི་ སྲུང་སྐྱོབ་ས་ཁོངས་ཀྱི་ ཉེ་འདབས་ལུ་སྡོད་མི་གཡུས་མི་ཚུ་ཡང་ རི་དྭགས་སེམས་ཅན་དང་ བྲེལ་ཟིང་གི་ གདོང་ལེན་འབྱུང་དོ་ཡོདཔ་ད་ སྤྱི་ལོ་༢༠༢༠ དང་ ༢༠༢༤ གི་ནང་འཁོད་ལུ་ སྟག་གིས་ སྒོ་ནོར་སེམས་ཅན་༥༨༠ བསད་པའི་ཁར་ ནུབ་སྦིས་རྒེད་འོག་ལུ་ ནོར་༣༦༠ བསད་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement