༉ ད་རེས་ འཕྲལ་ཁམས་ཅིག་ཁར་ སྟང་གསོ་བའི་སྨན་ཁང་ལྟེ་བའི་ སྨན་གཡོགམོ་དེ་གིས་ དགོངས་ཞུ་འབད་བའི་ཤུལ་ལུ་ སྨན་ཁང་ནང་ གསོ་བའི་ལས་རོགསཔོ་ ཁོ་ར་རྐྱངམ་གཅིག་གིས་ ནདཔ་ག་ར་ལུ་ ཞབས་ཏོག་ཚུ་ བྱིན་དོ་ཡོདཔ་ཨིན་པས།

སྟང་གཡུས་ཚན་གྱི་ མི་སེར་ཚུ་ སྨན་ཁང་ནང་ སྨན་གཡོགམོ་མེད་མི་ལུ་བརྟེན་ སྨན་བཅོས་ཀྱི་ ཞབས་ཏོག་ལེན་པའི་སྐབས་ལུ་ གསོ་བའི་ལས་རོགསཔ་ཕོ་སྐྱེས་ལས་ ཞབས་ཏོག་ལེན་ནི་དེ་ བྱ་སྟབས་མ་བདེཝ་ཡོདཔ་སྦེ་ཨིན་པས།

གསོ་བའི་སྨན་ཁང་ལྟེ་བའི་ནང་ལས་ ནདཔ་ཚུ་ལུ་ ཞབས་ཏོག་ཚུ་ སྨན་ཁང་ནང་སྡོད་མི་དང་ ཕྱི་ཁར་སྡོད་མི་ག་ར་ལུ་ མ་བཏུབ་བཏུབ་སྦེ་བྱིནམ་ད་ ནདཔ་ལྟ་རྟོག་ ཨའི་དང་ཨ་ལོ་ རྫས་དཔྱད་ཁང་ ཨ་ལོ་སྐྱེས་ས་ གློ་བུར་སྡེ་ཕྲན་ དེ་ལས་ རང་ལུགས་ནང་པའི་སྨན་ཁང་གི་ ཞབས་ཏོག་ཚུ་ སྤྲོད་དོ་ཡོདཔ་ཨིན་པས།

གསོ་བའི་ལས་རོགསཔ་ བཀྲིས་དོན་གྲུབ་ཀྱིས་ བཤད་མིའི་ནང་ ཉིན་བསྟར་བཞིན་དུ་ ནདཔ་༢༠ དེ་རེ་གིས་ སྨན་ཁང་ནང་ལས་ ཞབས་ཏོག་ལེན་པར་འོང་དོ་ཡོདཔ་ད་ ལྟེ་བ་དེ་གིས་ རང་ལུགས་ཀྱི་ ནང་པའི་སྨན་དང་བཅས་པའི་སྒོ་ལས་ སྨན་ཆུ་སྦང་ནིའི་ཞབས་ཏོག་ཚུ་ བྱིན་དོ་ཡོདཔ་ཨིན་པས།

བཀྲིས་དོན་གྲུབ་ཀྱིས་ འབད་བ་ཅིན་ སྤྱིར་བཏང་ལུ་ གནམ་གཤིས་དང་བསྟུན་པའི་ནད་གཞི་དང་ ཚ་རིམས་ནད་ པགས་ནད་ མིག་ནད་ལ་སོགས་པ་ཚུ་ མང་ཤོས་ར་ སློབ་ཕྲུག་ཨ་ལོ་ཚུ་ལུ་ ཐོབ་སྟེ་འོངམ་མས་ཟེར་ཨིནམ་ད་ གཙང་སྦྲ་འཕྲོད་བསྟེན་ལུ་ གཙོ་རིམ་སྒྲིག་མི་ལུ་བརྟེན་ བཤལ་ནད་ཚུ་ ལེ་ཤ་གིས་ མར་བབས་སོང་ཡི་ཟེར་ཨིན་པས།

དེ་ལས་ གསོ་བའི་ཁ་ཐུག་ལས་ མི་རྒན་ཤོས་ཚུ་ལུ་ བྱ་སྟབས་བདེ་ཐབས་ལུ་དམིགས་ཏེ་ རྒེད་འོག་ཚུ་ནང་ལས་ཕར་ ལོ་བསྟར་གྱི་ ཞིབ་དཔྱད་ཚུ་ འབད་བར་འགྱོ་དོ་ཡོདཔ་ད་ ཁོ་གིས་བཤད་མིའི་ནང་ ལྟེ་བ་གིས་ ཁྱིམ་གུང་༤༠༠ ཡོད་མིའི་ནང་ ལོ་བསྟར་བཞིན་དུ་ ནདཔ་༢,༠༠༠ དེ་རེ་བལྟ་དོ་ཟེར་ཨིནམ་ད་ དེ་ཡང་ འཕྲལ་མྱུར་གྱི་ ཞབས་ཏོག་དགོ་མི་ཚུ་ཨིནམ་ལས་ ང་ར་རྐྱངམ་གཅིག་ལས་མེད་མི་གིས་ གདོང་ལེན་ཚུ་ སྦོམ་ར་ཡོད་ཟེར་ཨིན་པས།

ཟླ་རིམ་བཞིན་དུ་ ང་གིས་ རྒེད་འོག་གི་ ཨོ་ཨར་སི་སྨན་ཁང་༥ ལྟ་དགོ་པས་ཟེར་ཨིནམ་ད་ གལ་སྲིད་ ང་མེད་པའི་བསྒང་ལས་ ལྟེ་བའི་ནང་ལས་ འགྱོ་མི་མེདཔ་ད་ ལས་བྱེདཔ་ཧེང་སྐལ་ཡོདཔ་འདྲཝ་འབད་བ་ཅིན་ ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ བྱིན་ཚུགས་ནི་མས་ཟེར་ཨིན་པས།

གཡུས་མི་ཚུ་ལུ་ ལས་བྱེདཔ་ཐེབས་དགོ་པའི་ཁར་ དམིགས་བསལ་གྱི་ ནདཔ་ཨམ་སྲུ་ཚུ་ལུ་ སྨན་གཡོགམོ་དགོཔ་སྦེ་ འདུག་ཟེར་ཨིན་པས།

གསོ་བའི་ལམ་སྟོན་དང་ འཁྲིལཝ་འདྲཝ་འབད་བ་ཅིན་ རྒེད་འོག་གསོ་བའི་ལྟེ་བ་ནང་ གཞི་རྟེན་གསོ་བའི་ལས་བྱེདཔ་ གསོ་བའི་ལས་རོགསཔ་ སྨན་གཡོགམ་ དེ་ལས་ སྐྱེ་གཡོགམོ་ཚུ་དགོཔ་སྦེ་ འདུག་ཟེར་ཨིན་པས།

རྫོང་ཁག་དང་ རྒེད་འོག་ལུ་ ཡང་ལས་ཡང་དུ་ ལས་བྱེདཔ་ཐེབས་དགོཔ་སྦེ་ ཞུ་བ་འབད་དེ་འབད་རུང་ ངོས་ལེན་དེ་ཅིག་ འབྱུང་ནི་མིན་འདུག་ཟེར་ཨིན་པས།

ད་ལྟོའི་གནས་སྟངས་ནང་ བཟུམ་ཅིག་འབད་བ་ཅིན་ གསོ་བའི་ཞབས་ཏོག་ཅ་ཆས་ཚུ་ དེ་ཅིག་ར་ ཐབས་ཆགས་ཏེ་མེདཔ་ལས་ དགོཔ་ངེས་བདེན་དེ་ འཕྲུལ་ལས་མཁས་མཆོག་ཨིནམ་བཞིན་དུ་ མཁས་མཆོག་ཡོད་པ་ཅིན་ ལཱ་ལེགས་ཤོམ་སྦེ་ འབད་ཚུགས་ཟེར་ཨིན་པས།

སྟང་རྒཔོ་ ཨོ་རྒྱན་ཉི་མ་གིས་ བཤད་མིའི་ནང་ རྒེད་འོག་གི་ཁ་ཐུག་ལས་ ལོ་ལྔའི་འཆར་གཞི་༡༣ པའི་ནང་ ལྟེ་བ་ལུ་ དགོས་མཁོ་ཡོད་པའི་ མཐུན་རྐྱེན་གྱི་ རྒྱབ་སྐྱོང་འབད་ནི་ཨིན་ཟེར་ཨིནམ་ད་ ལས་བྱེད་ཐེབས་དགོ་པའི་ གནད་དོན་དེ་ རྫོང་ཁག་དང་ འཁྲིལ་དགོ་ཟེར་ བཀོད་མི་དེ་ཡང་ མི་སྟོབས་ཀྱི་ཐད་ལུ་ལྷོདཔ་ད་ རྫོང་ཁག་གིས་ འཛིན་སྐྱོང་འབད་དགོཔ་སྦེ་ ཡོད་ཟེར་ཨིན་པས།

གཞུང་གི་ ཁས་བླངས་ནང་ དྲུང་འཚོ་རེ་དང་ དགོས་མཁོ་ཅན་གྱི་ གསོ་བའི་ལས་བྱེདཔ་ ཨམ་སྲུའི་གསོ་བའི་ལས་བྱེདཔ་ཚུ་ རྒེད་འོག་གནས་རིམ་ནང་ བྱིན་ནི་སྦེ་ཡོད་ཟེར་ཨིནམ་ད་ གཞུང་གིས་ཡང་ འབྲུག་པའི་མི་སེར་ཚུ་ལུ་ ལོ་བསྟར་གྱི་ གསོ་བའི་བརྟག་དཔྱད་དང་འབྲེལ་ ཁྲག་གི་བརྟག་ཞིབ་ ཨིན་ཌོས་ཀོ་པི་ དེ་ལས་ ཁོང་ནད་བརྟག་དཔྱད་ལ་སོགས་པ་ཚུ་ འབད་ནི་ཨིན་ཟེར་ ཡོདཔ་ཨིན་པའི་གནས་ཚུལ། ཚེ་རིང་དབང་འདུས།

Advertisement