༉ འབྲུག་ལས་ སྐྱེས་ལོ་༢༥ ལང་མི་ སངས་རྒྱས་དཀོན་མཆོག་གིས་ ནུབ་ཕྱོགས་ཨཱསི་ཊེ་ལི་ཡ་ པཱཐ་ལུ་ ད་ལྟོ་ཚུན་ འབྲུག་མི་ཚུ་ལུ་ སྡོད་ཁྱིམ་འཐོབ་མ་ཚུགས་པའི་ དཀའ་ངལ་དང་ གདོང་ལེན་བྱུང་མི་ཚུ་ ཐབས་ཤེས་ཚུ་བཏོན་ཏེ་ ཆ་རོགས་འབད་ཡོདཔ་ཨིན་པས།

འབྲུག་མི་བཟའ་ཚང་དང་ མི་ཚུ་ སྡོད་ཁྱིམ་འཐོབ་མ་ཚུགས་པའི་ དཀའ་ངལ་ལུ་བརྟེན་ཏེ་ ཁང་ཚན་ཅིག་ནང་ མི་ལྟེམ་ལྟེ་སྦེ་ སྡོད་དགོཔ་བྱུངམ་མ་ཚད་ ཁྲིམས་འགལ་ཐོག་ལས་ སྡོད་དོ་ཡོདཔ་བཞིན་དུ་ ལ་ལོ་ཅིག་ སྣུམ་འཁོར་ནང་ཡང་ ཉལ་དགོ་པའི་གནས་སྟངས་ཚུ་ བྱུང་བཞིན་ཡོད་ཟེར་ཨིན་པས།

སངས་རྒྱས་དཀོན་མཆོག་གིས་ དམིགས་ཡུལ་གཙོ་བོ་ར་ པཱཐ་ལུ་སྡོད་མི་ འབྲུག་མི་ག་ར་ལུ་ ཉེན་སྲུང་དང་ལྡན་པའི་ཁར་ འོས་འབབ་དང་བསྟུན་ ཁང་ཚན་རེ་ འཐོབ་ཚུགསཔ་བཟོ་ནི་དེ་ཨིན་པས།

སྤ་རོ་ ཤར་པ་ལས་ སངས་རྒྱས་དཀོན་མཆོག་གིས་ སྤྱི་ལོ་༢༠༢༢ ལུ་ ཚོང་འབྲེལ་བདག་སྐྱོང་ནང་ གཙུག་ལག་གོང་མའི་ཤེས་ཡོན་སྦྱང་པར་ མུར་ཌོག་གཙུག་ལག་སློབ་སྡེའི་ནང་ འཛུལ་ཞུགས་འབད་ཡོདཔ་ཨིན་པས།

ནད་ཡམས་ཀོ་བིཌ་༡༩ མ་འཐོན་པའི་ཧེ་མར་ ཁོ་གིས་ འབྲུག་ལུ་ ཐཱན་ཊར་ གའེཌ་ཟེར་ ལྟ་བཤལ་ལམ་སྟོན་པ་ཚུ་གི་དོན་ལུ་ ཁ་སྐད་སླབ་ཐང་གི་ ཡིག་ཚང་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན་པས།

ཨིན་རུང་ ནད་ཡམས་ཀོ་བིཌ་ཐོན་ཞིནམ་ལས་ ལྟ་བཤལ་ལས་སྡེ་ལུ་ ཐོ་སྦོམ་ཕོག་པའི་ཤུལ་ལས་ ཚོང་འབྲེལ་དང་ བཟོ་སྐྲུན་ལས་སྡེ་ནང་ ལས་མི་འཐོབ་མ་ཚུགས་པའི་དཀའ་ངལ་དང་ ལཱ་གཡོག་འཐོབ་མ་ཚུགས་པའི་ དཀའ་ངལ་སེལ་ཐབས་ལུ་ མི་སྡེ་ཕན་ཐབས་ལུ་སྦེ་ སྤོ་བཤུད་དེ་ ལཱ་འབད་ཡོདཔ་ཨིན་པས།

ད་རེས་ པཱཐ་ལུ་ སྡོད་ཁྱིམ་འཐོབ་མ་ཚུགས་པའི་ དཀའ་ངལ་སྦོམ་ཡོདཔ་ལས་ དེ་འཕྲོ་ལས་ར་ དཀའ་ངལ་བསལ་དགོཔ་ངེས་བདེན་ཡོད་མི་ལུ་བརྟེན་ ཁོ་གིས་ འབྲུག་པའི་མི་ཚུ་ལུ་ སྡོད་ཁྱིམ་འཚོལ་བྱིན་ནིའི་ ཆ་རོགས་ཚུ་འབད་དོ་ཡོདཔ་ཨིན་པས།

རྒྱུ་དངོས་ཚོང་ལས་ནང་ གསརཔ་སྦེ་འཛུལ་ཞུགས་འབད་ནི་དེ་ གཡང་བཟའ་སུ་ཅིག་ཨིན་རུང་ མའེ་ནིག་རྒྱུ་དངོས་སྡེ་ཚན་ནང་ བཙོང་མི་སྦེ་ འབད་ཡི་ཟེར་ཨིན་པས།

དཔེ་ཆ་ལྷབ་པའི་ཞོར་ཁ་ དཀའ་ངལ་ཐོན་མི་ འབྲུག་མི་ཚུ་གི་དོན་ལུ་སྦེ་ བྱ་ཐབས་མེད་པར་ རྒྱུ་དངོས་འཛིན་སྐྱོང་ལས་རོགསཔ་སྦེ་ ཕྱག་ཞུ་བའི་ཁར་ ཚོང་འབྲེལ་གོང་འཕེལ་འཛིན་སྐྱོང་པ་སྦེ་ ལཱ་འབད་དོ་ཡོདཔ་བཞིན་དུ་ ཁོ་གིས་ འབྲུག་མི་༣༢ ཀྱི་བཟའ་ཚང་ཚུ་ལུ་ ཁང་མིག་ཚུ་འཚོལ་ཏེ་ ཆ་རོགས་འབད་ཚུགས་ཅི་ཟེར་ཨིན་པས།

ཁོ་རའི་ སྒེར་སྡེ་ཐོག་ལས་ འབྲེལ་མཐུན་དང་ གོ་བ་བརྡ་སྤྲོད་འབད་མི་ལུ་བརྟེན་ཏེ་ ད་ལྟོ་ཚུན་ ཁང་ཁྱིམ་གྱི་དཀའ་ངལ་བྱུང་སྡོད་མི་ འབྲུག་མི་ཚུ་ལུ་ ཕན་གྲོགས་འབད་ཚུགས་ཅི་ཟེར་ཨིན་པས།

སངས་རྒྱས་མཁའ་འགྲོ་གིས་ མི་མང་ཁྱབ་བསྒྲགས་འབད་དེ་ འབད་ཆོག་དང་མ་ཆོགཔ་ དེ་ལས་ མ་འབད་བའི་ཧེ་མར་ ཞུ་ཡིག་བཙུགས་མི་ ག་དེམ་ཅིག་ཡོད་ག་ ལྟ་རྟོག་འབད་ཞིནམ་ལས་ མཁོ་འདོད་བཀོད་མི་དང་འཁྲིལ་ཏེ་ ཉེན་སྲུང་ལྡན་པའི་ སྡོད་ཁྱིམ་ཚུ་ འཐོབ་ཚུགས་བཟོ་ནི་ལུ་ ཆ་རོགས་འབད་ཡོདཔ་ཨིན་པས།

ལྷག་པར་དུ་ སངས་རྒྱས་དཀོན་མཆོག་གིས་ འབྲུག་པའི་མི་སྡེའི་དོན་ལུ་ འཐུས་ཉུང་སུ་དང་ ཡང་ཅིན་ འཐུས་མེདཔ་སྦེ་ ཁྲིམས་དང་འབྲེལ་བའི་རྒྱབ་སྐྱོར་འབད་བའི་ཁར་ སྡོད་གནས་རྩོད་རྙོགས་བསལ་ནིའི་ནང་ཡང་ ཞབས་ཏོག་ཞུ་ཡོདཔ་ཨིན་པས།

རྒྱུ་དངོས་ཚོང་འབྲེལ་འཐབ་ཆོག་པའི་ ཆོག་ཐམ་འཆང་མི་དང་ རྒྱུ་དངོས་འཛིན་སྐྱོང་པ་ཨིན་མི་ སངས་རྒྱས་དཀོན་མཆོག་གི་ དམིགས་ཡུལ་གཙོ་བོ་ར་ ཨཱསི་ཊེ་ལི་ཡ་ལུ་ འོང་ནིའི་རེ་འདོད་བཞིན་དུ་ རྒྱུ་དངོས་མཁོ་འདོད་བཀོད་མི་ཚུ་གི་དོན་ལུ་ ལཱ་འབད་ཐངས་ཀྱི་ རིམ་གནས་ཚུ་ ཞབས་ཏོག་བྱིན་དོ་ཟེར་ སླབ་ཨིན་པས།

ཨཱསི་ཊེ་ལི་ཡ་ལུ་ ད་རེས་ནངས་པར་ ཁང་ཚན་ཚུ་ བཙོང་དགོ་པ་ཅིན་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ ཡུ་ཨེསི་ཌོ་ལར་༣༧,༠༠༠ ཡར་སེང་སོང་ཡོདཔ་སྦེ་ སངས་རྒྱས་དཀོན་མཆོག་གིས་ སླབ་ཡོདཔ་མ་ཚད་ གལ་སྲིད་ གཞིས་གནས་ལུ་ མ་རྩ་བཙུགས་པ་ཅིན་ འབྲུག་མི་ཚུ་གིས་ མ་འོངས་པའི་མདུན་ལམ་དེ་ ལེགས་ཤོམ་ཅིག་སྦེ་ མཐོང་ཚུགས་པས་ཟེར་ཨིན་པས།

ཨཱསི་ཊི་ལེ་ཡ་ལུ་སྡོད་མི་ འབྲུག་མི་ཚུ་གིས་ རྒྱུ་དངོས་ཚོང་འབྲེལ་ལས་སྡེ་དང་གཅིག་ཁར་ མ་རྩ་གཞི་བཙུགས་འབད་བ་ཅིན་ འབྲུག་གི་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབད་ཚུགས་པའི་ཁར་ ཁོང་ར་ལུ་ཡང་ ཕན་ཐོགས་སྦོམ་འདུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

Advertisement