མ་འོངས་རྒས་ཤོས་ཚུ་གི་དོན་ལུ་ གྲ་སྒྲིག་འབད་ནི་དེ་ རྒྱལ་ཡོངས་ཀྱི་གལ་གནད།
༉ ད་རེས་ ང་བཅས་རའི་རྒྱལ་ཁབ་འདི་ མི་རློབས་ཀྱི་འགྱུར་བ་དང་བསྟུན་པའི་ གནས་སྟངས་ནང་ལྷོད་དེ་ཡོདཔ་ད་ སྤྱི་ལོ་༢༠༤༧ གྱི་ནང་འཁོད་ལུ་ རྒས་ཤོས་ཀྱི་མི་རློབས་དེ་ མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་༧.༤ དང་ ཡང་ཅིན་ ༡༡༨,༦༥༠ལུ་ལྷོད་ནིའི་ དམིགས་ཚད་ཡོདཔ་ལས་ ད་ལྟོ་ལས་ ཐབས་ལམ་ཚུ་བཏོན་ནི་དང་ གྲ་སྒྲིག་འབད་དགོ་པའི་ དུས་ཚོད་ཅིག་ཨིན་མས།
མི་རློབས་ཀྱི་གནས་སྟངས་འདི་ ང་བཅས་རའི་དཔལ་འབྱོར་དང་ འཕྲོད་བསྟེན་བདག་འཛིན་ལམ་ལུགས་ དེ་ལས་ མི་སྡེའི་གནས་སྟངས་ལུ་ ཐོ་སྦོམ་སྦེ་ར་ ཕོག་སྟེ་ཡོདཔ་ད་ ཐབས་བྱུས་ཅན་གྱི་ བར་འཛུལ་མེད་པ་ཅིན་ མི་རློབས་ཡར་འཕར་འགྱོ་མི་རྒན་རྒས་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་འགན་ཁུར་དེ་ ཡུན་བརྟན་བཞག་མ་ཚུགས་པའི་ཁར་ དེ་གིས་ མི་མང་གི་མ་དངུལ་དང་ བཟའ་ཚང་ལམ་ལུགས་༢ ཆ་ར་ལུ་ ཐོ་ཕོག་ནི་ཨིན་མས།
དེ་འབདཝ་ལས་ ང་བཅས་ཀྱིས་ དཔལ་འབྱོར་རྒྱུན་བརྟན་བཞག་ནི་དང་གཅིག་ཁར་ རྒས་ཤོས་ཚུ་ རྒྱབ་ཁར་ལུས་མི་བཅུག་ནིའི་དོན་ལུ་ ལེགས་ཤོམ་སྦེ་བཟོ་ཡོད་པའི་ སྲིད་བྱུས་ཀྱི་ཐོག་ལས་ གདོང་ལེན་འབད་དགོཔ་འདུག།
དཀའ་ངལ་གཙོ་བོ་གཅིགཔོ་དེ་ མི་སྡེའི་ཉེན་སྲུང་དང་ དགོངས་ཞུའི་ལམ་ལུགས་དེ་ མ་འོངས་ཡུན་བརྟན་གནས་ཚུགས་མི་ཚུགས་ཀྱི་ ཚ་གྱང་ཨིནམ་ད་ མི་མངམ་གིས་ དགོངས་ཞུ་འགྱོ་བའི་ཁར་ ལཱ་གཡོག་ནང་འཛུལ་མི་ ཉུང་སུ་འགྱོ་བའི་བསྒང་ལས་ རང་ལུ་བརྟེན་སྡོད་མིའི་ཐད་ཁར་ འགྱུར་བ་འོང་ནི་ཨིནམ་ལས་ གྱངས་ཁ་ཡར་སེང་འགྱོ་མི་ རྒན་རྒས་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལས་ ལཱ་འབད་མི་ཨ་ལོའི་གྱངས་ཁ་ མར་བབས་འགྱོ་ནི་ཨིན་མས།
ཚད་མཉམ་མེད་པའི་གནས་སྟངས་དེ་གིས་ དགོངས་ཞུའི་ལམ་ལུགས་ལུ་ དཀའ་ངལ་སྦོམ་འབྱུང་ནི་ཨིནམ་ལས་ གློ་བུར་གཞི་སྒྱུར་འབད་དགོཔ་འཐོན་ནི་ཨིནམ་ད་ དགོངས་ཞུའི་ཁྱབ་ཚད་རྒྱ་སྐྱེད་དང་ སྒེར་གྱི་གསོག་འཇོག་ལུ་ སེམས་ཤུགས་བསྐྱེད་ནི་དེ་ གཞུང་གི་དངུལ་འབྲེལ་འབྱེམ་ མར་ཕབ་རྐྱབ་ནི་ལུ་ ཁག་ཆེ་ཤོས་ཅིག་ཨིན་མས།
གལ་སྲིད་ བར་འཛུལ་ཐབས་ལམ་ཚུ་ བཏོན་མ་ཚུགས་པ་ཅིན་ མི་སྡེ་ཉེན་སྲུང་གི་ དཀའ་ངལ་འབྱུང་ནི་དང་ མི་རྒན་རྒས་ཚུ་གིས་ ཁོ་རའི་གཞི་རྟེན་དགོས་མཁོ་ཚུ་ བསྒྲུབ་ནིའི་དོན་ལུ་ དགོངས་ཞུའི་དངུལ་ཕོགས་ལུ་ བརྟེན་སྡོད་ནི་དེ་ ལཱ་ཁག་རྐྱབ་ནིའི་ ཉེན་ཁ་འདུག།
གསོ་བའི་ཞབས་ཏོག་དེ་ གལ་ཆེ་ཤོས་ཅིག་ཨིནམ་ལས་ ངེས་པར་དུ་ གྲ་སྒྲིག་འབད་དགོཔ་ད་ སྤྱིར་བཏང་རྒས་ཤོས་ཚུ་གི་དོན་ལུ་ འཕྲལ་འཕྲལ་ར་ དམིགས་བསལ་གྱི་ གསོ་བའི་ཞབས་ཏོག་ཚུ་དགོཔ་ལས་ ཟད་འགྲོ་ཡར་འཕར་འགྱོ་ནི་ཨིན་མས།
ང་བཅས་རའི་ གསོ་བའི་ལམ་ལུགས་དེ་ ཧེ་མ་ལས་ར་ རྒྱ་ཁྱབ་སོང་སྟེ་ཡོདཔ་ལས་ མི་རྒན་རྒས་ཚུ་ལུ་ སྨན་བཅོས་འབད་ནི་གི་ ལྕོགས་གྲུབ་རྒྱ་སྐྱེད་འབད་དགོཔ་ད་ གསོ་བའི་མཐུན་རྐྱེན་ཚུ་ནང་ མ་རྩ་བཙུགས་ནི་དང་ རྒས་ཤོས་ཀྱི་ཞབས་ཏོག་ཚུ་ནང་ གསོ་བའི་མཁས་མཆོག་ཚུ་ལུ་ སྦྱོང་བརྡར་བྱིན་ནི་ དེ་ལས་ གསོ་བའི་སྔོན་འགོག་ལས་རིམ་ཚུ་ ཡར་དྲག་གཏང་ནི་དེ་ དགོས་མཁོ་ཅན་ཅིག་ཨིན་མས།
འདི་བཟུམ་སྦེ་ སྒེར་སྡེ་དང་ མི་སྡེ་ཚུ་གི་འགན་ཁུར་དེ་ཡང་ ཁག་ཆེ་ཤོས་ཅིག་ཨིནམ་ད་ ང་བཅས་རའི་ བཟའ་ཚང་ཚུ་གིས་ རྒས་ཤོས་བདག་འཛིན་འཐབ་ནི་དེ་ གཞི་རྟེན་འགན་ཁུར་ཨིནམ་ད་ དེ་འབདཝ་ད་ བཟའ་ཚང་གི་གྱངས་ཁ་ མར་བབས་འགྱོ་མི་དང་ མི་ཚུ་གིས་ ཁྲོམ་གྱི་ས་ཁོངས་ཚུ་ནང་ གནས་སྤོ་འགྱོ་བའི་བསྒང་ལས་ འདི་བཟུམ་གྱི་ ལམ་ལུགས་དེ་གིས་ ཕན་ཐོགས་འབྱུང་ནི་ལུ་ ལཱ་ཁག་རྐྱབ་ནི་ཨིན་མས།
གཞུང་གིས་ མི་མང་བདག་འཛིན་ཁྱིམ་ལས་ འགོ་བཙུགས་ཏེ་ ཁྱིམ་ནང་གཞི་བཙུགས་འབད་མི་ ཁྱད་རིག་ཅན་གྱི་ལྟ་སྐྱོང་ལུ་ ཐབས་ལམ་ཚུ་བཏོན་དགོཔ་མ་ཚད་ ཚོང་ལས་ཚུ་ལུ་ ཉེན་བཅོལ་དང་ དངུལ་འབྲེལ་ཐོན་སྐྱེད་ དེ་ལས་ ཞབས་ཏོག་ཚུ་ ཁོང་རའི་དགོས་མཁོ་དང་འཁྲིལ་ཏེ་ གནང་ནི་གི་ སེམས་ཤུགས་བྱིན་པ་ཅིན་ མི་མང་དང་ སྒེར་སྡེའི་བར་ན་ ཕན་ཐོགས་འབྱུང་ཚུགས་ནི་ཨིན་མས།
དཔལ་འབྱོར་གྱི་ཐོན་སྐྱེད་དེ་ཡང་ ཁག་ཆེ་ཤོས་ཅིག་ཨིནམ་ད་ ལཱ་འབད་ཚུགས་པའི་ མི་རློབས་དེ་ མར་བབས་འགྱོ་དོ་ཡོདཔ་ལས་ ལཱ་གི་གྲུབ་འབྲས་ཡར་དྲག་གཏང་ནི་དང་ ལཱ་འབད་ཚུགས་མི་ཚུ་ལུ་ ལཱ་འབད་ནིའི་ནུས་ཤུགས་བྱིན་ཐབས་ལུ་ ཐབས་ལམ་ཚུ་བཏོན་དགོཔ་འདུག།
དགོངས་ཞུ་འགྱོ་ནི་གི་ ལོ་ཚད་ཡར་སེང་འབད་ནི་དང་ རྒས་ཤོས་ཚུ་ ལཱ་གཡོག་ནང་སྡོད་བཅུག་ནི་ དེ་ལས་ རྒས་ཤོས་ཚུ་གིས་ དུས་ཡུན་ཐུང་སུའི་ལཱ་དང་ ཡང་ན་ ཚོང་ལཱ་འབད་བཅུག་ནི་དེ་ ཁག་ཆེ་བའི་ཐབས་ལམ་ཅིག་ཨིནམ་ད་ འདི་བཟུམ་སྦེ་ ཨམ་སྲུ་ཚུ་གི་ལཱ་གཡོག་ནང་ བཅའ་མར་གཏོགས་ནི་དང་ འཕྲུལ་རིག་དང་ འཕྲུལ་ཆས་ནང་ མ་རྩ་བཙུགས་མི་དེ་གིས་ ལཱ་གཡོག་གི་ གནས་ཚད་མར་བབས་འགྱོ་མིའི་ གནོད་སྐྱོན་ཚུ་ སེལ་ཐབས་འབད་ཚུགས་ནི་ཨིན་མས།
རྒས་ཤོས་ཀྱི་ མི་རློབས་ཡར་སེང་དང་འབྲེལ་བའི་ གདོང་ལེན་ཚུ་ ང་བཅས་ཀྱིས་ སྣང་མེད་བཞག་ཐབས་མེད།