གཞུང་སྐྱོང་ཟླཝ་༨ ཀྱི་གྲུབ་འབྲས།
༉ གཞུང་གིས་ ཟླཝ་༨ ཀྱི་ནང་འཁོད་ལུ་ འགོ་ཐོག་གི་ བཀོད་ཁྱབ་བཀའ་རྒྱ་དང་ ཡིག་ཚང་བཀའ་རྒྱ་ཚུ་འགྲུབ་ནི་ལུ་ གྲུབ་འབྲས་སྦོམ་བཏོན་ཡོདཔ་ད་ བཀའ་རྒྱ་༡༤ གསལ་བསྒྲགས་འབད་མི་ལས་༩ གྲུབ་ཚར་ཡོདཔ་ད་ གཞན་མི་༥ ད་ལྟོ་ ལྷན་ཁག་ཚུ་ནང་ གྲུབ་འབྲས་བཏོན་པའི་བསྒང་ཡོད་མི་ལུ་ལྟཝ་ད་ གཞུང་གིས་ ངོས་ལེན་དང་ འགན་འཁྲི་འབག་ནི་ལུ་ གཙོ་བོར་བཏོན་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་མས།
ཡིག་ཚང་གི་ ཉིནམ་དང་པའི་ནང་ བློན་ཆེན་གྱིས་ ལྷན་ཁག་ཚུ་ལུ་ བཀོད་ཁྱབ་བཀའ་རྒྱ་༤ དང་ ཡིག་ཚང་བཀའ་རྒྱ་༡༠བཏང་ཡོདཔ་ད་ དེ་ཡང་ བསྒྱུར་བཅོས་མགྱོགས་དྲགས་སྦེ་ འབག་འོང་ནིའི་དོན་ལུ་ཨིནམ་ད་ དཔེ་འབད་བ་ཅིན་ བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་གིས་ བཀའ་རྒྱ་ཁག་༣ ལུ་ ལཱ་འབད་དོ་ཡོདཔ་ད་ དེ་ཡང་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ སྲིད་བྱུས་བསྐྱར་ཞིབ་འབད་ནི་དང་ ཚོང་འབྲེལ་གྱི་དོན་ལུ་ ཚད་འཛིན་བྱ་རིམ་ཚུ་ སྟབས་བདོ་ཏོག་ཏོ་བཟོ་ནི་ དེ་ལས་ ལྟ་བཤལ་གྱི་ ཐབས་བྱུས་ཡོངས་རྫོགས་ བཟོ་ནི་ཚུ་ཨིན་མས།
ལས་འགུལ་རེ་རེ་བཞིན་དུ་གིས་ འབྲུག་གི་དཔལ་འབྱོར་ལུ་ བསྒྱུར་བཅོས་འབད་ཚུགས་པའི་ནུས་ཤུགས་ཡོདཔ་ད་ དེ་གིས་ མ་རྩ་བཙུགས་ནི་དང་ ཚོང་འབྲེལ་འཐབ་མི་ཚུ་ལུ་ སྟབས་བདེ་ཏོག་ཏོ་བཟོ་ནི་ དེ་ལས་ ལྟ་བཤལ་ཡར་དྲག་གཏང་ཚུགས་ནི་ཨིན་མས།
གསོ་བ་ལྷན་ཁག་དང་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་གིས་ རྒྱལ་ཁབ་ཀྱི་ སྨན་ཁང་སྦོམ་ཤོས་ཅིག་ཨིན་མི་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཞབས་ཏོག་ཚུ་ ཡར་དྲག་གཏང་ནི་དང་ གནམ་གྲུ་ཐང་གསརཔ་རྐྱབ་ནིའི་ འོས་འབབ་བརྟག་ཞིབ་འབད་ནི་ཨིནམ་ད་ ལས་སྣ་དེ་ཚུ་ མགུ་རྙོགས་དྲགས་ཡོད་རུང་ མི་མང་གི་ཕན་བདེ་དང་ གཞི་རྟེན་མཐུན་རྐྱེན་ཚུ་ གོང་འཕེལ་གཏང་ནིའི་ནང་ གཙོ་རིམ་བཟུང་སྟེ་འདུག།
གཞུང་གིས་ གྲུབ་འབྲས་བཏོན་མི་ ལས་སྣ་ཚུ་གིས་ མི་མང་གི་ཚ་གྱང་ཚུ་ བསལ་ཚུགས་ཡོདཔ་ད་ དཔེ་འབད་བ་ཅིན་ ཕུན་ཚོགས་གླིང་ རྐང་འགྲུལཔ་འཐོན་འཛུལ་ས་ཁོངས་ནང་ འཐུས་དངུལ་ཀྲམ་༡༠ཡངས་ཆག་བཏང་མི་དེ་ཨིནམ་ད་ མ་གཞི་ ཆུང་སུ་ཅིག་ཨིན་རུང་ འབྲུག་མི་མང་ཤོས་ཅིག་གི་དོན་ལུ་ དམིགས་བསལ་འགྱུར་བ་ཅིག་སྦེ་ བརྩི་དོ་ཡོདཔ་ད་ འདི་བཟུམ་སྦེ་ སྤྱི་ཟླ་༥ པའི་ཚེས་༢ ལས་འགོ་བཙུགས་ཏེ་ གཟའ་ཉིམ་ལུ་ སློབ་གྲྭ་ནང་ འགྱོ་མ་དགོཔ་སྦེ་བཟོ་མི་དེ་ཨིནམ་ད་ དེ་ཡང་ སློབ་ཕྲུག་དང་ སློབ་དཔོན་གཉིས་ཆ་རའི་དོན་ལུ་ ལཱ་དང་མི་ཚེའི་བར་ན་ ཚད་མཉམ་བཟོ་ནིའི་ ཁས་བླངས་དང་འཁྲིལ་ཏེ་ཨིན་མས།
ལྕང་ཇི་ཇི་ལུ་ སྡོད་མི་ཚུ་གི་དོན་ལས་ གླར་སྤྱོད་ཆིངས་ཡིག་ བདེ་སྒྲིག་འབད་མི་དེ་གིས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ཚད་ཀྱི་ སྡོད་ཁྱིམ་ཚུ་ནང་ ལོ་༡༠དང་ ཡང་ཅིན་ གཡོག་ནང་ལས་ དགོངས་ཞུ་མ་འབད་ཚུན་ སྡོད་ཆོག་པའི་ གནང་བ་བྱིན་ཡོདཔ་ད་ དེ་དང་གཅིག་ཁར་ དཔལ་འབྱོར་གོང་འཕེལ་བཀོད་ཚོགས་ གཞི་བཙུགས་འབད་མི་དེ་གིས་ གཞུང་གི་ དངུལ་ཀྲམ་ཐེར་འབུམ་༡༥ འི་ དཔལ་འབྱོར་ལྷན་ཐབས་ལས་རིམ་ནང་ ལྷན་ཐབས་འབད་ཚུགས་ནི་ཨིནམ་ད་ ལས་རིམ་དེ་གིས་ དཔལ་འབྱོར་གྱི་ལས་སྣ་ཚུ་ ཡར་དྲག་གཏང་ནི་དང་ ལཱ་གཡོག་གི་ གོ་སྐབས་བཟོ་ཚུགས་ནི་ཨིན་མས།
འབྲུག་གི་ ཤེས་ཡོན་སྦྱང་མི་ཚུ་གི་དོན་ལུ་ གཞུང་གིས་ བསྒྱུར་བཅོས་འབད་ནིའི་ ངོས་ལེན་འབད་ཡོདཔ་ད་ དེ་ཡང་ སློབ་དཔོན་ཚུ་གི་དོན་ལུ་ ངོ་རྐྱང་ལཱ་གི་འཆར་གཞི་ བསྐྱར་ཞིབ་འབད་མི་དེ་གིས་ འདྲ་མཉམ་བརྟག་དཔྱད་ལམ་ལུགས་བཟོ་ནི་ལུ་ གོ་སྐབས་ལེགས་ཤོམ་ཅིག་ཨིནམ་ད་ གཞུང་གིས་ སློབ་གྲྭ་ཆུང་བ་ཚུ་གི་དོན་ལུ་ དམིགས་དོན་ཅན་གྱི་ཁྱད་ཚད་བཟོ་ནི་དང་ དགོངས་ཡངས་ལམ་ལུགས་ཚུ་ ལག་ལེན་འཐབ་ཐོག་ལས་ ཤེས་རིག་ལམ་ལུགས་དེ་ དམ་སྒྲིང་དང་ མཐུན་ཏོག་ཏོ་བཟོ་ནི་ཨིན་མས།
ལྟ་བཤལ་ལས་སྡེའི་ནང་ ལྷ་བཤལ་ཡར་དྲག་གཏང་ནིའི་འཆར་གཞི་ནང་ ལས་རིམ་ཆེ་བ་༢༡ དང་ ལས་རིམ་ཆུང་བ་༧༢ ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ གནས་གོང་མཐོ་དྲགས་དང་ གནོད་སྐྱོན་ཉུང་བའི་ ས་ཁོངས་ཅིག་སྦེ་ བཞག་ཐབས་ཀྱི་ ཐབས་བྱུས་བཏོན་མི་དེ་ ལེགས་ཤོམ་ཅིག་ཨིནམ་ད་ འདི་བཟུམ་མའི་ ཁ་གསལ་གྱི་གནས་ཚད་ཀྱིས་ འབྲུག་གི་ ཁག་ཆེ་བའི་ཚོང་ལས་ཅིག་ལུ་ སྲུང་སྐྱོབ་དང་ རྒྱ་སྐྱེད་འབད་ནིའི་ཐད་ཁར་ གཞུང་གིས་ གྲོས་ཐག་བཅད་ཡོད་པའི་ གསལ་སྟོན་འབདཝ་ཨིན་མས།
ཨིན་རུང་ ཁག་ཆེ་ཤོས་དེ་ར་ བཀའ་རྒྱ་ལྷག་ལུས་ཚུ་ནང་ རིམ་མང་སྲིད་གཞུང་གི་ལཱ་ཚུ་ ཡུན་འགྱངས་མ་ལུས་པར་ འབད་དགོཔ་ཨིནམ་ད་ མི་སེར་ཚུ་གིས་ ཁས་བླངས་ལས་ལྷག་པའི་ གྲུབ་འབྲས་ཀྱི་ རེ་འདོད་བསྐྱེདཔ་ཨིན་མས།
གལ་སྲིད་ གཞུང་གིས་ ལམ་ལུགས་འདི་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་པ་ཅིན་ གནས་ཡུན་འདི་ ཁས་བླངས་ཚུ་ གྲུབ་འབྲས་ཅན་ལུ་ བསྒྱུར་བཅོས་འབད་མི་ཅིག་སྦེ་ དྲན་གསོ་འབད་ཚུགས།