སྒྲིག་གཞི་དང་ ལམ་ལུགས་ཚུ་ལུ་བརྟེན་ སྒེར་སྡེ་གོང་འཕེལ་ལུ་བར་ཆད།

༉ འབྲུག་གི་གོང་འཕེལ་དང་འབྲེལ་བའི་ གནད་དོན་ཚུ་གི་ཐད་ཁར་ མཐར་འཁྱོལ་བྱུང་བའི་ ལོ་རྒྱུས་ཚུ་ཡོད་རུང་ སྒེར་སྡེའི་ནང་ བལྟ་དགོཔ་ལེ་ཤ་ཡོདཔ་ད་ དེ་ཡང་ ག་འཆརཔ་ཟེར་བ་ཅིན་ རྒྱལ་ཁབ་ནང་ སྒྲིག་གཞི་དང་ ལམ་ལུགས་ཚུ་ལུ་བརྟེན་པའི་ བྱ་སྟབས་མ་བདེཝ་དང་ ཚོང་ལས་གསརཔ་འབད་མི་ཚུ་ལུ་ རྒྱབ་སྐྱོར་གངམ་མེད་ནི་དེ་གིས་ སྒེར་སྡེ་ཡར་དྲག་གཏང་ནི་ལུ་ གདོང་ལེན་བྱུང་སྟེ་འདུག།
ང་བཅས་རའི་ དཔལ་འབྱོར་མང་ཤོས་ར་ རྒྱལ་ཁབ་ནང་ དེང་སང་གི་གོང་འཕེལ་ འགོ་བཙུགས་པའི་སྐབས་ སྤྱི་ལོ་༡༩༧༠དོན་གྲངས་ལུ་ གཞི་བཙུགས་འབད་མི་ ཚོང་ལས་སྦོམ་དག་པ་ཅིག་གིས་ ཚད་འཛིན་འབད་དེ་ཡོདཔ་ད་ སྔ་གོང་གི་ ཚོང་སྡེ་ཚུ་ལུ་ གཞུང་གི་ཕབ་ཆག་དང་ འོས་ལྡན་སྲིད་བྱུས་ དེ་ལས་ ཐད་ཀར་རྒྱལ་ཁམས་རྒྱབ་སྐྱོར་གྱི་ ཁེ་ཕན་ཚུ་བྱུང་ཡོད་པའི་ཁར་ བཟོ་སྐྲུན་དང་ ས་གཏེར་ཞབས་བཟུམ་མའི་ བཟོ་གྲྭ་གཙོ་ཅན་ཚུ་ གཅིག་གིས་ དབང་ཆ་ཧྲིལ་བུམ་སྦེ་ བཟུང་བཅུག་སྟེ་འདུག།
ཚོང་ལསཔ་མང་ཤོས་ར་ ཐ་ན་ ཚོང་ལཱ་གསརཔ་ཚུ་ འགོ་བཙུགས་པའི་སྐབས་ལས་ར་ ཡུན་བརྟན་གནས་མ་ཚུགས་པའི་ དཀའ་ངལ་བྱུང་སྟེ་ཡོདཔ་ད་ དེ་ཡང་ ཚོང་འབྲེལ་ནང་ དོ་འགྲན་བྱུང་བའི་གནད་དོན་རྐྱངམ་གཅིག་མེན་པར་ ཚོང་འབྲེལ་གྱི་གནས་སྟངས་དེ་ར་ གསར་བཏོད་ཅན་གྱི་ ཐབས་བྱུས་གནས་སྐབས་དང་ གསརཔ་ཚུ་གི་དོན་ལུ་ འོས་མཐུན་མེད་ནི་དེ་གིས་ཨིན་མས།
ཚད་ལས་བརྒལ་བའི་ དམ་འཛིན་འབད་མི་དེ་གིས་ ཚོང་འབྲེལ་ས་ཁོངས་ནང་ སྟབས་མ་བདེ་བའི་གནད་དོན་ཚུ་ འཐོན་བཅུག་དོ་ཡོདཔ་ད་ ལྷན་ཐབས་འབད་ནིའི་ཚབ་ དམ་འཛིན་འབད་མི་ལུ་བརྟེན་ ཚོང་འབྲེལ་ཡར་དྲག་འགྱོ་ནི་ལུ་ བར་ཆད་རྐྱབ་སྟེ་ཡོདཔ་ཨིན་མས།
གཞུང་གིས་ ཚོང་ལས་ཆུང་བ་དང་ བར་མ་ དེ་ལས་ འགོ་བཙུགས་མི་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་ཐབས་ལམ་དེ་གིས་ དག་པ་ཅིག་ལུ་མ་གཏོགས་ མང་ཤོས་ཅིག་ལུ་ ཁེ་ཕན་སྦོམ་འབྱུང་མ་ཚུགས་པར་ཡོདཔ་ད་ ལས་རིམ་ལེ་ཤ་ཅིག་ར་ མ་དངུལ་གྱི་རྒྱབ་སྐྱོར་གངམ་མེད་པའི་ཁར་ ལྟ་རྟོག་ལེགས་ཤོམ་མ་འབད་མི་དང་ ཡང་ཅིན་ ཕན་ནུས་མེདཔ་ཨིན་མས།
ཚོང་ལཱ་གསརཔ་ཚུ་གི་དོན་ལུ་ གདོང་ལེན་སྦོམ་ཤོས་དེ་ར་ མ་དངུལ་འཐོབ་མ་ཚུགས་མི་དེ་ཨིན་རུང་ དངུལ་འབྲེལ་གཙུག་སྡེ་ཚུ་ ཉེན་སྲུང་སྦོམ་འབད་དེ་ཡོདཔ་ད་ ལོ་ཨ་རྟག་ར་ དངུལ་ཀྲམ་ཐེར་འབུམ་ལས་བཅད་དེ་ སྐྱིན་འགྲུལ་ལེན་དོ་ཡོད་རུང་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ འཕྲོ་མཐུད་དེ་ར་ སྐྱེད་མཐོ་དྲགས་བཀལ་མི་ལུ་བརྟེན་ ཚོང་འབྲེལ་ཆུང་རིམ་ཚུ་ ལཱ་ཁག་རྐྱབ་དོ་ཡོདཔ་ལས་ ཚོང་ལསཔ་ཚུ་ མ་རྩའི་དགོས་མཁོ་དང་ སྐྱེད་མཐོ་དྲགས་ཀྱི་བར་ན་ གདོང་ལེན་བྱུངམ་ཨིན་མས།
དུས་དང་དུས་སུ་ དངུལ་ཕོགས་ཡར་སེང་དང་ མཐུན་རྐྱེན་ཚུ་ཐོབ་སྟེ་ཡོད་པའི་ མི་མང་ལས་སྡེ་བཟུམ་སྦེ་མེན་པར་ སྒེར་སྡེ་ནང་ ལཱ་འབད་མི་ཚུ་ མི་ཁུངས་ཨང་༢ པ་བཟུམ་སྦེ་ བརྩི་དོ་ཡོདཔ་ད་ དཔེ་འབད་བ་ཅིན་ སྒེར་སྡེའིནང་ ལཱ་འབད་མི་ཚུ་གི་དོན་ལུ་ གདམ་ཁའི་སྐྱིན་འགྲུལ་མེད་པའི་ཁར་ ཁྱིམ་རྐྱབ་ནིའི་དོན་ལུ་ ཕབ་ཆག་ཡང་མེདཔ་ལས་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་གངམ་མེདཔ་ཨིན་མས།
དཔལ་འབྱོར་བསྐྱར་གསོ་འབད་ནིའི་དོན་ལུ་ དཔལ་འབྱོར་ལྷན་ཐབས་མ་དངུལ་དེ་ ད་ལྟོ་ འགོ་བཙུགས་མ་ཚུགས་པར་ཡོདཔ་ད་ མགུ་རྙོག་ཅན་གྱི་ཁྱད་ཚད་དང་ དངུལ་འབྲེལ་གཙུག་སྡེ་ཚུ་ལས་ བློ་འདོད་མེད་མི་ལུ་བརྟེན་ དཔལ་འབྱོར་ལྷན་ཐབས་མ་དངུལ་དེ་ དངུལ་འབྲེལ་གོ་སྐབས་ཡོད་མི་ཚུ་ལུ་ ཕན་ཐོགས་འབྱུང་ནི་བཟུམ་ཅིག་ཡོདཔ་ད་ འདི་གིས་ ལྷག་པར་དུ་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་སྦོམ་ཆགས་ནི་ཨིན་མས།
མཐའན་མཇུག་ཁར་ ད་ལྟོའི་ ལམ་ལུགས་དེ་གིས་ ན་གཞོན་དང་ ལྕོགས་གྲུབ་ཅན་གྱི་འབྲུག་མི་ཚུ་ ཕྱི་ཁར་གོ་སྐབས་ལེགས་ཤོམ་འཚོལ་ནིའི་དོན་ལུ་ རྒྱལ་ཁབ་སྤང་དགོཔ་འཐོན་ནིའི་ ཉེན་ཁ་འདུག།

Advertisement