སྣུམ་འཁོར་གྱི་ཐོབ་སྐལ་ འོས་འབབ་འདུག་ག?

༉ འཕྲལ་ཁམས་ཅིག་ཁར་ སྤྱི་ཚོགས་ཀྱི་འཐུས་མི་དང་ ཞི་གཡོགཔ་ཚུ་གི་དོན་ལུ་ སྣུམ་འཁོར་གྱི་ ཐོབ་སྐལ་ལམ་ལུགས་ ལོག་འགོ་བཙུགས་ནིའི་གནད་དོན་ཐོག་ སྤྱི་ཚོགས་ནང་ རྩོད་བསྡུར་འབད་མི་དེ་ རྒྱབ་བཤོལ་འབད་ཡོདཔ་ད་ རང་སོའི་མཐའ་དོན་དང་ སྲིད་འབྲེལ་གྱི་ གནད་དོན་ཅིག་ཨིན་མི་ སྣུམ་འཁོར་ཐོབ་སྐལ་ལམ་ལུགས་དེ་ ད་རུང་ གྲོས་དོན་གཙོ་བོ་ཅིག་སྦེ་ ཐོནམ་ཨིན་མས།
སྣུམ་འཁོར་ཐོབ་སྐལ་ལམ་ལུགས་དེ་གིས་ སྤྱི་ཚོགས་ཀྱི་འཐུས་མི་དང་ ཞི་གཡོགཔ་ཚུ་ལུ་ གོང་ཚད་ཕབ་ཆག་ཐོག་ སྣུམ་འཁོར་ནང་འདྲེན་འབད་ནིའི་ གོ་སྐབས་བྱིན་དོ་ཡོདཔ་ད་ ལམ་ལུགས་དེ་གིས་ ང་བཅས་རའི་ མི་རློབས་ཀྱི་ ཆ་ཤས་ཆུང་ཀུ་ཅིག་ལུ་ ཕན་ཐོགས་བྱུངམ་ཨིན་མས།
སྡེ་ཚན་འདི་གིས་ ཧེ་མ་ལས་ དངུལ་ཕོགས་དང་ མཐུན་རྐྱེན་ཚུ་ འབོར་ཆེ་དྲགས་སྦེ་ ཐོབ་སྟེ་ཡོདཔ་ཨིན་རུང་ ལས་འཛིན་དང་ སྒེར་སྡེ་ དེ་ལས་ ཞི་བའི་མི་སྡེ་ནང་ ལཱ་འབད་མི་ཚུ་ལུ་ གོ་སྐབས་མེདཔ་ཨིན་མས།
དམངས་གཙོའི་རིང་ལུགས་ཀྱི་ མི་སྡེའི་ནང་ སྲིད་བྱུས་འདི་གིས་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་སྦོམ་བཟོ་དོ་ཡོདཔ་ད་ བཅུད་བསྡུ་བ་ཅིན་ ཐོབ་སྐལ་ལམ་ལུགས་དེ་ དབྱེ་བ་ཕྱེ་ནིའི་ སྲིད་བྱུས་ཅིག་ཨིནམ་ད་ དེ་གིས་ དམིགས་བསལ་སྡེ་ཚན་ཅིག་ལུ་ ཁེ་ཕན་ཚུ་བྱིན་ནི་དང་ གཞན་མི་ཚུ་ལུ་མ་བྱིན་པར་ བཀག་ཆ་འབདཝ་ཨིནམ་ད་ བདེན་ཚིག་ལུ་བལྟ་བ་ཅིན་ ཐོབ་སྐལ་ལམ་ལུགས་དེ་གིས་ མི་ཉུང་སུ་ཅིག་ལུ་ ཁེ་ཕན་འབྱུང་ནི་ཨིན་མས།
སྣུམ་འཁོར་གྱི་ ཐོབ་སྐལ་ལམ་ལུགས་དེ་ སྤྱི་ཚོགས་ཀྱི་འཐུས་མི་དང་ ཞི་གཡོགཔ་ཚུ་གིས་ རང་སོའི་འགན་ཁུར་ཚུ་ འབག་ནིའི་དོན་ལུ་ བྱིན་དོ་ཡོདཔ་ད་ གལ་སྲིད་ གཞུང་གི་ལས་བྱེདཔ་གཞན་ཚུ་བཟུམ་སྦེ་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ལུ་ གཞུང་གི་ལས་དོན་གྱི་དོན་ལུ་ སྒྲིག་རྒྱུག་སྣུམ་འཁོར་ཚུ་ བྱིན་དགོཔ་ད་ དེ་གིས་ སྤྱི་ཚོགས་ཀྱི་གནས་ཡུན་༣ དང་༤ གི་རིང་ལུ་ ཞབས་ཏོག་བྱིན་ཚུགས་ནི་ཨིནམ་ལས་ ལོགས་སུ་སྦེ་ སྣུམ་འཁོར་གྱི་ཐོབ་སྐལ་ དགོཔ་མིན་འདུག།
སྣུམ་འཁོར་གྱི་ ཐོབ་སྐལ་ལམ་ལུགས་ལུ་བརྟེན་པའི་ བྱ་སྟབས་མ་བདེཝ་གཅིག་ ཚུལ་མིན་ཐོག་ལས་ སྤྱོད་མི་དེ་ཨིནམ་ད་ དེ་ཡང་ རང་སོའི་ ཁེ་སང་བཟོ་ནིའི་དོན་ལུ་ ཚོང་འབྲེལ་ནང་ སྦ་གསང་མེད་པར་ ཐད་ཀར་དུ་ བཙོང་དོ་ཡོདཔ་ད་ ཐོབ་སྐལ་ལམ་ལུགས་དེ་གིས་ ཁྲལ་གྱི་འོང་འབབ་ལུ་ ཁྱད་པར་སྦོམ་སྦེ་ར་ ཆགས་དོ་ཡོདཔ་ཨིན་མས།
རྩིས་རྐྱབ་སྟེ་བལྟ་བ་ཅིན་ སྣུམ་འཁོར་པར་ཌོ་ཅིག་གི་ ཐོབ་སྐལ་གྱིས་ ཁྲལ་དགོངས་ཡངས་དངུལ་ཀྲམ་ས་ཡ་༤.༥ འཐོབ་ནི་ཨིནམ་བཞིན་དུ་ སྤྱི་ཚོགས་ཀྱི་འཐུས་མི་༧༢ ཀྱི་དོན་ལུ་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༣༢༡.༥༨ གནས་ནི་ཨིན་མས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ སྤྱི་ལོ་༢༠༡༩ ལོའི་ གཞུང་གི་སྣུམ་འཁོར་དང་ ཕྱི་རྒྱལ་གྱི་སྣུམ་འཁོར་ཐོབ་སྐལ་ལམ་ལུགས་ཀྱི་ བསྐྱར་ཞིབ་སྙན་ཞུ་དང་འཁྲིལཝ་ད་ གཞུང་གིས་ ཕྱི་རྒྱལ་གྱི་སྣུམ་འཁོར་ཐོབ་སྐལ་ཐོག་ལས་ སྤྱི་ལོ་༢༠༡༤ དང་༢༠༡༨ ཀྱི་བར་ན་ ལོ་༥ འི་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༣ ལྷགཔ་ཅིག་ གྱོང་རྒུད་ཕོག་ཡོདཔ་ཨིན་མས།
སྣུམ་འཁོར་གྱི་ ཐོབ་སྐལ་ལམ་ལུགས་ ལེགས་ཤོམ་སྦེ་ ལག་ལེན་མ་འཐབ་མི་དེ་ གནད་དོན་ཚབས་ཆེན་ཅིག་ཨིནམ་ད་ སྤྱི་ལོ་༢༠༡༤ དང་༢༠༡༨ ཀྱི་བར་ན་ གཞུང་གིས་བྱིན་མི་ སྣུམ་འཁོར་ཐོབ་སྐལ་ཐོག་ལས་ སྣུམ་འཁོར་༩,༠༠༠ལྷགཔ་ཅིག་ ནང་འདྲེན་འབད་ཡོདཔ་ཨིན་མས།
གལ་སྲིད་ སྣུམ་འཁོར་གྱི་ ཐོབ་སྐལ་ལམ་ལུགས་དེ ལོག་འགོ་བཙུགས་པ་ཅིན་ སྒེར་གྱི་ལས་བྱེདཔ་དང་ ལས་འཛིན་ནང་ལཱ་འབད་མི་ དེ་ལས་ མི་སྡེ་ལས་ཚོགས་བཟུམ་གྱི་ ལས་སྡེ་གཞན་ཚུ་ལུ་ཡང་ རྒྱ་སྐྱེད་འབད་དགོཔ་ད་ ཕྱོགས་གཅིག་ལས་བལྟ་བ་ཅིན་ མཐུན་རྐྱེུན་དེ་ ཆ་མཉམ་ལུ་དང་ ཡང་ཅིན་ ག་ལུ་ཡང་མེད་པའི་ སྲིད་བྱུས་ཅིག་སྦེ་ བཟོ་དགོཔ་འདུག།
ང་བཅས་ཀྱིས་ ཤེས་རྟོགས་བྱུང་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་གྱི་ ཐོབ་སྐལ་ལམ་ལུགས་དེ་གིས་ ཁྲལ་གྱི་འོང་འབབ་ལུ་ ཐོ་སྦོམ་ཕོག་ནི་ཨིནམ་ལས་ ང་བཅས་རའི་རྒྱལ་ཁབ་ལུ་ ཕན་ཐོགས་མི་འབྱུང།
ང་བཅས་ཀྱིས་ ཧ་གོ་དགོ་མི་དེ་ཡང་ སྲིད་བྱུས་དེ་ རྒྱལ་ཁབ་ལུ་ ཕན་ཐོགས་ཚུགསཔ་སྦེ་ བཟོ་དགོཔ་ལས་ དམིགས་བསལ་གྱི་ སྡེ་ཚན་ཅིག་ལུ་ ཕན་ཐོགས་འབྱུང་ནིའི་དོན་ལུ་མེནམ་ད་ མི་ཉུང་སུ་ཅིག་གི་ཁེ་ཕན་ལུ་ གཙོ་བོ་བཏོན་པ་ཅིན་ མི་སྡེའི་ནང་ ཁྱད་པར་སྦོམ་བཟོ་ནི་དང་ ཁོང་ཁྲོ་ལང་བཅུག་ནི་མ་གཏོགས་ གཞན་ག་ནི་ཡང་མི་འབྱུང་།
ང་བཅས་རའི་ བཙག་འཐུ་ལས་གྲུབ་མི་ འགོ་ཁྲིདཔ་ཚུ་གིས་ རང་གི་ཁེ་ཕན་དང་ སྲིད་དོན་གྱི་རྩིས་ཁྲ་ལས་བརྒལ་ཏེ་ ཡར་འཐོན་འགྱོ་ནི་དང་ སྤྱིར་བཏང་གི་ཕན་ཐབས་ལུ་དམིགས་ཏེ་ སྲིད་བྱུས་ཚུ་ལུ་ གཙོ་རིམ་བཟུང་ནིའི་ དུས་ཚོད་རན་ནུག།

Advertisement