སློབ་གྲྭ་ལྟེ་བ་ཚུ་གི་ སྲིད་བྱུས་དང་འབྲེལ་བའི་ ཕན་གནོད་དབྱེ་ཞིབ་འབད་དགོཔ།

༉ གཞུང་གིས་ འཆར་གཞི་༡༣ པའི་ནང་ སློབ་གྲྭ་ལྟེ་བའི་ལས་རིམ་གྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡༤ བགོ་བཀྲམ་འབད་ཡོདཔ་ད་ ལས་རིམ་དེ་ནང་ སློབ་གྲྭ་ལྟེ་བ་༦༣ གྱི་དོན་ལུ་ གཞི་རྟེན་མཐུན་རྐྱེན་གསརཔ་ཚུ་ཡང་ བཙུགས་ཏེ་ཡོདཔ་ཨིན་མས།
བཙག་འཐུའི་སྐབས་ གཞུང་སྐྱོང་ཚོགས་པ་གིས་ ཁས་བླངས་འབད་མིའི་ནང་ སློབ་གྲྭ་ལྟེ་བ་ཚུ་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ལེགས་ཤོམ་བཟོ་ནི་དང་ ཡར་དྲག་གཏང་ནི་ དེ་ལས་ སློབ་གྲྭ་ཚུ་ནང་ ཤེས་རིག་གི་ སྤུས་ཚད་ཡར་དྲག་གཏང་ནིའི་ ཁས་བླངས་འབད་ཡོདཔ་ཨིན་མས།
སྤྱིར་བཏང་ལུ་ སློབ་གྲྭ་ལྟེ་བའི་༢.༠སྲིད་བྱུས་དེ་ ཤེས་རིག་སྡེ་ཚན་ ཡར་དྲག་གཏང་ནིའི་དོན་ལུ་ བར་འཛུལ་འབད་དགོཔ་བཟུམ་ཅིག་སྦེ་མཐོངམ་ཨིན་རུང་ ལེགས་ཤོམ་སྦེ་བལྟ་བ་ཅིན་ ཕན་པ་ལས་ གནོད་སྐྱོན་མང་སུ་འབྱུང་ནི་ཨིནམ་ད་ དེ་གིས་ རྒྱལ་ཡོངས་འཆར་དངུལ་ལུ་ ཐོ་ཕོགཔ་མ་ཚད་ རྒྱལ་ཁབ་ཀྱི་ ཤེས་རིག་ནང་ སྤྱིར་བཏང་ཤེས་རིག་གི་ སྤུས་ཚད་ལུ་ཡང་ ཐོ་ཕོག་ནིའི་ཉེན་ཁ་འདུག།
མ་གཞི་ སློབ་གྲྭ་ལྟེ་བ་ཚུ་གི་དོན་ལུ་ འཆར་དངུལ་འབོར་ཆེ་ཏོག་ཏོ་སྦེ་ བགོ་བཀྲམ་འབད་ཡོད་པའི་ཁར་ བཞེས་སྒོ་དང་ སྒྲིག་གོ་ དེ་ལས་ སློབ་ཁང་ཚུ་ནང་ སློབ་སྟོན་མཐུན་རྐྱེན་ཚུ་ ལེགས་ཤོམ་བཟོ་མི་དེ་གིས་ སློབ་གྲྭ་ལྟེ་བ་ཚུ་ནང་ སློབ་སྦྱོང་གནས་སྟངས་ ཡར་དྲག་གཏང་ཚུགས་ནི་ཨིན་རུང་ སློབ་གྲྭ་ལྟེ་བ་དང་ སློབ་གྲྭ་ལྟེ་བ་མེན་པའི་བར་ན་ ཁྱད་པར་བཟོ་ནི་ཨིན་མས།
སློབ་གྲྭ་ལྟེ་བ་མེན་མི་ཚུ་གིས་ རྫོང་ཁག་དང་ རྒེད་འོག་གི་འཆར་དངུལ་ལུ་ བརྟེན་སྡོད་དགོཔ་འཐོན་ནི་ཨིནམ་ད་ མ་དངུལ་དེ་ཡང་ གོང་འཕེལ་གྱི་ གཙོ་རིམ་ཚུ་ལུ་བརྟེན་ ལཱ་ཁག་རྐྱབ་ནི་ཨིན་མས།
མ་དངུལ་ཚུ་ སློབ་གྲྭ་ལྟེ་བ་ཚུ་ལུ་ བགོ་བཀྲམ་འབད་བའི་བསྒང་ལས་ སློབ་གྲྭ་དབྱེ་ཁག་༢ ཀྱི་བར་ནའི་ ཁྱད་པར་དེ་ རྒྱ་ཆེར་འགྱོ་ནི་ཨིནམ་ད་ སློབ་གྲྭ་ལྟེ་བ་མེན་པའི་ སློབ་ཕྲུག་ཚུ་གིས་ མཐུན་རྐྱེན་ལེགས་ཤོམ་མེད་མི་དང་ སློབ་སྟོན་མཁོ་ཆས་ཚུ་ ལངམ་སྦེ་མེད་མི་ དེ་ལས་ སློབ་དཔོན་མ་ལང་པའི་དཀའ་ངལ་ཚུ་ འཕྲོ་མཐུད་དེ་ར་ འཐོན་ནི་ཨིན་མས།
འདི་བཟུམ་མའི་ ཁྱད་པར་ལུ་བརྟེན་ ཤེས་རིག་གི་ ལམ་ལུགས་གཉིས་བཟོ་ནི་ཨིནམ་ལས་ སློབ་གྲྭ་ལྟེ་བ་ཚུ་ ཁྱད་འཕགས་ཅིག་སྦེ་ འཐོན་ནི་ཨིནམ་ད་ གཞན་མི་དེ་ སྐྱོ་སུ་ཅིག་སྦེ་ལུས་ནི་ཨིན་མས།
སློབ་གྲྭ་ལྟེ་བའི་ལས་རིམ་དེ་ སྲིད་དོན་གྱིས་ བར་འཛུལ་འབད་ནི་ལུ་ འཇམ་ཏོང་ཏོ་ཅིག་ཨིནམ་ལས་ འདི་ལུ་ ཚ་གྱང་ལང་དགོཔ་ཅིག་ཨིནམ་ད་ ཤེས་རིག་དེ་ རྒྱལ་ཡོངས་གོང་འཕེལ་གྱི་ གཞི་རྟེན་ཅིག་ཨིནམ་ལས་ རིམ་བྱུང་གཞུང་གི་ གཙོ་རིམ་ཚུ་ལས་ འགྱུར་བ་འགྱོ་ནི་ལས་ ཟུར་བཞག་དགོཔ་ད་ གཞུང་ཚུ་གིས་ ལོ་༥ འི་རིང་ལུ་ ཤེས་རིག་གི་སྲིད་བྱུས་ཚུ་ བཙག་འཐུ་དང་འབྲེལ་བའི་ ཁས་བླངས་དང་ སྲིད་དོན་གྱི་དམིགས་དོན་ཚུ་ལུ་ གཞི་བཞག་སྟེ་ བསྒྱུར་བཅོས་དང་ དྭངས་གསལ་བཟོ་ནི་དེ་ བསམ་ཞིབ་འབད་དགོཔ་འདུག།
ཤེས་རིག་ལམ་ལུགས་ནང་ འཕྲལ་འཕྲལ་སྦེ་ར་ བསྒྱུར་བཅོས་འབད་མི་དེ་གིས་ འཕྲོ་མཐུད་ལམ་ལུགས་ལུ་ བར་ཆད་རྐྱབ་ནི་རྐྱངམ་གཅིག་མེན་པར་ ཡུན་རིང་གི་འཆར་གཞི་བརྩམ་ནི་དང་ ཡུན་བརྟན་གནས་ཐབས་ལུ་ཡང་ ཐོ་ཕོགཔ་ཨིན་མས།
ད་རེས་ནངས་པར་ འབྲུག་རྒྱལ་ཁབ་ལུ་ དགོས་མཁོ་ཆེ་བའི་གནད་དོན་དེ་ དུས་རབས་༢༡ པའི་ནང་ འོས་ལྡན་ཡོད་པའི་ ཤེས་རིག་གི་ལམ་ལུགས་སྒྲིང་སྒྲི་དང་ མདུན་སྐྱོད་འབད་ནི་ལུ་ བལྟ་དགོཔ་ད་ འདི་གི་དོན་ལུ་ ད་ལྟོའི་ སློབ་གྲྭ་ལྟེ་བ་ཚུ་དང་ རྒྱལ་ཁབ་ནང་ ཤེས་རིག་ལམ་ལུགས་ རྒྱ་ཆེ་དྲགས་སྦེ་ར་ བསྐྱར་ཞིབ་འབད་དགོཔ་འདུག།
གཞུང་གིས་ སློབ་གྲྭ་དག་པ་ཅིག་ལུ་ རྒྱུ་དངུལ་ཚུ་ བགོ་བཀྲམ་འབད་ནི་མེན་པར་ ག་ར་ལུ་ ཐབས་བྱུས་ཡོངས་ཚང་གི་ ཐབས་ལམ་བཏོན་དགོཔ་ད་ རྒྱལ་ཁབ་ནང་ མི་མང་སློབ་གྲྭ་ཆ་མཉམ་ལུ་ གཞི་རྟེན་མཐུན་རྐྱེན་དང་ ཐོན་ཁུངས་ དེ་ལས་ སྦྱོང་བརྡར་ལེགས་ཤོམ་ཐོབ་མི་ སློབ་དཔོན་ཚུ་ ངེས་པར་དུ་ དགོས་མཁོ་ཡོདཔ་ད་ སྤུས་ཚད་ཅན་གྱི་ཤེས་རིག་དེ་ མི་ཉུང་སུ་ཅིག་གི་དོན་ལུ་ གོ་སྐབས་ཅིག་སྦེ་བཞག་ནི་མེན་པར་ ག་ར་ལུ་འཐོབ་པའི་ ཐོབ་དབང་ཅིག་སྦེ་ བཞག་དགོཔ་འདུག།
ཤེས་རིག་ལས་སྡེའི་ གནད་དོན་འདི་ སྲིད་དོན་དང་འབྲེལ་བ་མེདཔ་བཟོ་ཐབས་ལུ་ ཤེས་རིག་བཅའ་ཁྲིམས་ཅིག་ ངེས་པར་དུ་དགོཔ་ད་ རང་དབང་ཅན་གྱི་ ལྷན་ཚོགས་ཅིག་ གཞི་བཙུགས་འབད་བ་ཅིན་ ཡུན་ཐུང་སྲིད་དོན་གྲོས་གཞི་གིས་མེན་པར་ ང་བཅས་ཀྱིས་ ཤེས་རིག་གི་སྲིད་བྱུས་ཚུ་ མཁས་མཆོག་ཤེས་ཡོན་དང་ ཡུན་རིང་དམིགས་གཏད་ དེ་ལས་ སློབ་ཕྲུག་ཚུ་གི་ མཐའ་དོན་དྲག་ཤོས་ཚུ་ ལམ་སྟོན་འབད་ཚུགས་ནི་ཨིན་མས།
དེ་མ་ཚད་ ལྷན་ཚོགས་འདི་གིས་ ཆོས་ཚན་འཆར་གཞི་བཟོ་ནི་དང་ སློབ་དཔོན་སྦྱོང་བརྡར་ དེ་ལས་ རྒྱུ་དངོས་ཚུ་ བགོ་བཀྲམ་འབད་ནི་ལུ་ ལྟ་རྟོག་འབད་ཚུགས་ནི་ཨིནམ་ད་ དེ་ལུ་བརྟེན་ གཞུང་གིས་ གཅིག་མཐུན་དང་ འགན་འཁྲི་འབག་ཚུགསཔ་ བཟོ་ཚུགས་ནི་ཨིན་མས།
ཤེས་རིག་ལམ་ལུགས་ཀྱིས་ འབྲུག་པའི་ཨ་ལུ་ཆ་མཉམ་གྱི་དགོས་མཁོ་ཚུ་ བསྒྲུབ་དགོཔ་བཞིན་དུ་ ང་བཅས་རའི་ཨ་ལོ་ཚུ་ལུ་ མ་འོངས་པའི་གདོང་ལེན་དང་ གོ་སྐབས་ཚུ་གི་དོན་ལུ་ གྲ་སྒྲིག་བཟོ་ཚུགས་པའི་ ཤེས་རིག་ལམ་ལུགས་ཅིག་ ངེས་བརྟན་བཟོ་ནི་ལུ་ ལཱ་འབད་དགོཔ་འདུག།

Advertisement