ནགས་ཚལ་མེ་རྐྱེན་ སྔོན་འགོག་འབད་ནི་དེ་ སྤྱི་རུབ་ཀྱི་འགན་ཁུར།
༉ གནམ་དགུན་གྱི་དུས་ཚོད་འདི་ ནགས་ཚལ་མེ་རྐྱེན་ཤོར་ནིའི་ དུས་ཚོད་ངོ་མ་ཅིག་ཨིནམ་བཞིན་དུ་ འདས་པའི་ཉིནམ་དག་པ་ཅིག་གི་ཧེ་མར་ ཐིམ་ཕུག་གི་ བྱང་ཁ་ཐུག་ལུ་ཡོད་པའི་ ནཱ་རོ་རྒེད་འོག་ནང་ མེ་རྐྱེན་སྦོམ་ཅིག་ཤོར་མི་དེ་ནང་ རང་ལུགས་ཀྱི་ ཁྱིམ་དག་པ་ཅིག་བརྩིས་ཏེ་ ནགས་ཚལ་ཨེ་ཀར་༡,༠༠༠ལྷགཔ་ཅིག་འཚིགས་ཡོདཔ་ད་ ཨིན་རུང་ མི་ལུ་རྐྱེན་ངན་ཚུ་ ག་ནི་ཡང་མ་འབྱུང་ནི་དེ་གིས་ ཁ་རྗེ་བཟང་ནུག།
འབྲུག་ལུ་ ལོ་བསྟར་བཞིན་དུ་ གནམ་དགུན་གྱི་དུས་ཚོད་ལུ་ མེ་རྐྱེན་གྱིས་ ནགས་ཚལ་ཨེ་ཀར་སྟོང་ཕྲག་ལས་བཅད་དེ་ རྩ་མེད་བཏང་དོ་ཡོདཔ་ད་ དེ་གིས་ ང་བཅས་རའི་ རིན་གོང་ཆེ་བའི་ རང་བཞིན་གྱི་ཐོན་སྐྱེད་ཚུ་ མེདཔ་བཏང་དོ་ཡོདཔ་མ་ཚད་ སྲོག་ཆགས་སྣ་ཚོགས་ཡང་ ཉེན་ཁ་ཅན་ཅིག་ལུ་ གྱུར་དོ་ཡོདཔ་ཨིན་མས།
སྤྱི་ལོ་༢༠༡༩ ལུ་ འབྲུག་གིས་ ནགས་ཚལ་མེ་རྐྱེན་༤༠བྱུང་སྟེ་ ནགས་ཚལ་ཧེག་ཊར་༣,༥༢༤.༧༢ མེདཔ་བཏང་ཡོདཔ་མ་ཚད་ སྤྱི་ལོ་༢༠༢༠ལུ་ མེ་རྐྱེན་༢༦ བྱུང་སྟེ་ ནགས་ཚལ་ཧེག་ཊར་༢,༣༨༧.༡༤ འཚིགས་ཡོད་པའི་ ཐོ་བཀོད་འབད་ནུག།
སྤྱི་ལོ་༢༠༢༡ ལུ་ ནགས་ཚལ་མེ་རྐྱེན་༤༣ ལུ་ ཡར་སེང་སོང་ཡོདཔ་ད་ མེ་རྐྱེན་དེ་གིས་ ས་ཆ་ཧེག་ཊར་༤,༣༠༨.༠༥ མེདཔ་བཏང་ཡོདཔ་ད་ སྤྱི་ལོ་༢༠༢༢ ལུ་ མེ་རྐྱེན་༣༤ བྱུང་སྟེ་ ས་ཆ་ཧེག་ཊར་༤,༥༠༡.༥༥ མེདཔ་བཏང་ཡོདཔ་ཨིན་པས།
གནས་སྟངས་འདི་ སྤྱི་ལོ་༢༠༢༣ ལུ་ ཚབས་ཆེན་ཅིག་ལུ་ལྷོད་དེ་ མེ་རྐྱེན་༨༣ བྱུང་སྟེ་ ནགས་ཚལ་ཧེག་ཊར་༨,༧༣༡.༨ མེདཔ་བཏང་ནུག།
མ་གཞི་ རང་བཞིན་གྱི་རྐྱེན་ངན་ཚུ་ མི་གིས་ ཚད་འཛིན་འབད་མ་ཚུགས་རུང་ རྒྱལ་ཁབ་ནང་ ནགས་ཚལ་མེ་རྐྱེན་མང་ཤོས་ར་ མི་གི་སྣང་མེད་ལུ་བརྟེན་ བྱུང་དོ་ཡོདཔ་ལས་ སྔོན་འགོག་གི་ ཐབས་བྱུས་སྒྲིང་སྒྲི་ཚུ་ བཏོན་དགོཔ་འདུག།
ནགས་ཚལ་མེ་རྐྱེན་ སྔོན་འགོག་གི་ཐབས་ལམ་ཚུ་ ལོ་ངོ་ལེ་ཤ་ཅིག་གི་རིང་ བཏོན་བཞིན་དུ་ཡོདཔ་ད་ འདས་པའི་ལོ་ནང་ གཞུང་གིས་ ནགས་ཚལ་མེ་རྐྱེན་གྱི་ ཉེན་ཁའི་ཚད་གཞི་དེ་ འགོ་འབྱེད་འབད་ཡོདཔ་མ་ཚད་ ནགས་ཚལ་མེ་རྐྱེན་གྱི་ཉེན་ཁ་ཚུ་ སྔོན་འགོག་དང་འཛིན་སྐྱོང་འབད་ཐབས་ལུ་ ས་གོ་དང་ ས་ཕྱོགས་ཀྱི་གནས་སྡུད་དང་ སྔོན་འགོག་འབད་ཚུགས་པའི་ དཔེ་ཚད་ཚུ་ ལག་ལེན་འཐབ་ཡོདཔ་ཨིན།
ལག་ཆས་འདི་ཚུ་གིས་ དབང་འཛིན་དང་ མི་སྡེ་ཚུ་ལུ་ སྔོན་འགོག་གི་ཐབས་ལམ་ཚུ་ གཙོ་རིམ་བཟུང་ནི་དང་ ཐོན་ཁུངས་ཚུ་ དོན་སྨིན་ཅན་སྦེ་ བགོ་བཀྲམ་འབད་ནི་ དེ་ལས་ མེ་རྐྱེན་འབྱུང་བའི་སྐབས་ དེ་འཕྲོ་ལས་ ཐབས་ཤེས་བཏོན་ནི་ལུ་ ལྷན་ཐབས་འབད་དོ་ཡོདཔ་ཨིན་མས།
ང་བཅས་རའི་ མེ་བསད་ལྕོགས་གྲུབ་ཚུ་ཡང་ གོང་འཕེལ་གཏང་དགོ་པའི་ཁར་ དེང་སང་གི་ འཕྲུལ་ཆས་ཚུ་ཡང་ དགོས་མཁོ་ཡོདཔ་ད་ ནགས་ཚལ་མེ་རྐྱེན་བཀག་ནིའི་ནང་ རྒྱབ་སྐྱོར་འབད་མི་མང་ཤོས་ཅིག་ལུ་ ལག་ཆས་དང་ཅ་ཆས་ཚུ་ ལེགས་ཤོམ་མེད་ནི་དེ་གིས་ ཚེ་སྲོག་ལུ་ ཉེན་ཁ་ཡོདཔ་ལས་ མེ་བསད་ནིའི་ཅ་ཆས་ཚུ་ མཁོ་སྒྲུབ་འབད་དགོཔ་ད་ དཔེ་འབད་བ་ཅིན་ ཆུ་འབག་ནིའི་ཕད་ཅུང་དང་ ཤིང་དྲ་འཕྲུལ་ དེ་ལས་ སྲོག་སྐྱབས་ཅ་ཆས་ཚུ་ མེད་ཐབས་མེདཔ་ཅིག་ཨིན་མས།
དེ་མ་ཚད་ རྒྱལ་ཁབ་ནང་ སྦྱོང་བརྡར་ཅན་གྱི་ མེ་བསད་མི་ཚུ་ཡང་ ངེས་བརྟན་དགོཔ་ད་ གནས་ཚུལ་བཟང་པོ་ཅིག་ རྒྱལ་སྲུང་ལས་རིམ་ནང་ ནགས་ཚལ་མེ་རྐྱེན་འཛིན་སྐྱོང་གི་ སྦྱོང་བརྡར་ཚུ་བཙུགས་ཏེ་ མེ་བསད་ཐབས་ཤེས་དང་ མེ་རྐྱེན་བཀག་ཐབས་ལས་རིམ་ དེ་ལས་ གནོད་སྐྱོན་བྱུང་མི་ཚུ་ལུ་ ཆ་རོགས་འབད་ནིའི་རིག་རྩལ་ཚུ་ མཉམ་སྡེབ་འབད་མི་དེ་གིས་ རྒྱལ་ཁབ་ནང་ སྦྱོང་བརྡར་ཅན་གྱི་ མེ་བསད་མི་ཚུ་གི་ ལྕོགས་གྲུབ་་ཡར་འཕར་གཏང་ནི་ལུ་ ཕན་ཐོགས་སྦོམ་འབྱུང་ཚུགས་ནི་ཨིན་མས།
དེ་བཟུམ་སྦེ་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཚུ་ཡང་ དུས་དང་དུས་སུ་ འགོ་འདྲེན་འཐབ་ནི་དེ་ ཁག་ཆེ་དྲགས་ཅིག་ཨིནམ་ད་ གཡུས་ཚན་ཚུ་ནང་ མེ་རྐྱེན་བཀག་ཐབས་དོན་ལུ་ རིག་རྩལ་བྱིན་ནི་དང་ ལག་ཆས་ཚུ་ མཁོ་སྒྲུབ་འབད་དགོཔ་འདུག།
ས་གནས་ཀྱི་འགོ་ཁྲིདཔ་དང་ སློབ་གྲྭ་ དེ་ལས་ མི་སྡེ་ཚུ་གིས་ ལས་རིམ་འདི་ཚུ་ འགོ་འདྲེན་འཐབ་སྟེ་ འགན་ཁུར་འདྲ་མཉམ་འབག་ནིའི་ ལམ་སྲོལ་བཟོ་དགོཔ་ད་ འབྲུག་མི་རེ་རེ་བཞིན་དུ་ ང་བཅས་རའི་ རྒྱལ་ཡོངས་ཀྱི་རྒྱུ་དངོས་ཚུ་ བདག་འཛིན་འཐབ་མི་ཅིག་ཨིནམ་ལས་ འགན་ཁུར་འབག་ནིའི་ སེམས་ཚོར་བཙུགས་དགོཔ་དེ་ ག་ནི་བ་ཁག་ཆེ།
ང་བཅས་རའི་ ནགས་ཚལ་འདི་ རྒྱལ་ཁབ་ཀྱི་སྲོག་ཤིང་ཨིནམ་ལས་ འབྲུག་མི་ཚུ་གི་ འཚོ་སྐྱོང་དོན་ལུ་ ཁག་ཆེ་ཤོས་ཅིག་ཨིནམ་ད་ རྒྱུ་མཚན་འདི་ལུ་བརྟེན་ ང་བཅས་རའི་ ནགས་ཚལ་འདི་ སྲུང་སྐྱོབ་འབད་ནིའི་དོན་ལུ་ མཉམ་རུབ་ཐོག་ལས་ བརྩོན་ཤུགས་བསྐྱེད་དགོཔ་འདུག།