ལཱ་གཡོག་མ་ཐོབ་པའི་དཀའ་ངལ།

༉ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་མ་རན་པའི་ ཟླཝ་༢ ཀྱི་ཧེ་མར་ ལྷ་སྒྲོན་དང་ མོ་རའི་ཕམ་ཚུ་ ཚ་གྱང་སྦོམ་སྦེ་ར་ ལང་དགོཔ་བྱུང་ཡོདཔ་ད་ མ་གཞི་ ལྷ་སྒྲོན་གྱིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་བྱུང་ཡོད་རུང་ ཕམ་ཚུ་གིས་ ཁོང་རའི་བུམོ་དེ་ བཙག་འཐུའི་ཆོས་རྒྱུགས་་ནང་ལས་ ག་དེ་སྦེ་ མཐར་འཁྱོལ་འབྱུང་ཚུགས་གའི་ དོགས་པ་ཟ་ནུག།
ཨིན་རུང་ ལྷ་སྒྲོན་གྱིས་ སྔོན་འགྲོ་དང་ ཆོས་རྒྱུགས་ངོ་མ་གཉིས་ཆ་ར་ལས་ མཐར་འཁྱོལ་བྱུང་ཚུགས་ནི་དེ་གིས་ ཁོང་བཟའ་ཚང་༤ ལུ་ དགའ་བ་ཚད་མེད་བྱུང་ཡོདཔ་བཞིན་དུ་ འཕྲལ་མགྱོགས་ར་ ལྷ་སྒྲོན་དེ་ གཞུང་གཡོགཔ་ཅིག་སྦེ་ འོང་ནི་ཨིན་མས།
དེ་འབདཝ་ད་ གཙུག་ལག་སློབ་སྡེ་ནང་ལས་ མཐར་འཁྱོལ་མི་ ན་གཞོན་ཚུ་ལུ་ གནས་སྐབས་ལེགས་ཤོམ་ཡོདཔ་ལས་ གདམ་ཁ་གཉིས་པ་དེ་ ཨཱསི་ཊེ་ལི་ཡ་ལུ་ འགྱོ་ནི་དེ་ཨིནམ་ད་ ཞི་གཡོག་པའི་ལཱ་དེ་གིས་ མོ་ལུ་ ཉེན་སྲུང་འབད་མི་ཚུགས་ནི་ཨིནམ་ཤེས་ཏེ་ ད་རེས་ སྐྱོད་ཐམ་གྱི་དོན་ལུ་ སྒུག་སྡོད་པའི་བསྒང་འདུག།
ལྷ་སྒྲོན་གྱི་ དཀའ་ངལ་དེ་ རྒྱལ་ཁབ་ནང་ ལཱ་གཡོག་ཡོད་མི་དང་ མེད་མི་ཚུ་གི་བར་ན་ ཁྱད་པར་སྦོམ་སྦེ་ར་ ཡོད་ནི་དེ་གིས་ཨིནམ་ད་ རྒྱལ་ཡོངས་རྩིས་དཔྱད་ཡིག་ཚང་གི་ ལཱ་གཡོག་འཚོལ་ཞིབ་སྙན་ཞུའི་ནང་ ན་གཞོན་ལཱ་གཡོག་མེད་པའི་གྱངས་ཁ་དེ་ ཡར་སེང་འགྱོ་དོ་ཡོདཔ་སྦེ་ར་ཨིནམ་ད་ སྤྱི་ལོ་༢༠༢༤ གི་ ཟླཝ་༡༠པ་ལས་༡༢ པ་ཚུན་ ན་གཞོན་ལཱ་གཡོག་མེད་པའི་ཚད་གཞི་དེ་ བརྒྱ་ཆ་༡༧.༧ ལུ་ ཡར་སེང་སོང་ཡོདཔ་བཞིན་དུ་ སྙན་ཞུ་དང་འཁྲིལཝ་ད་ ན་གཞོན་༦,༥༩༨ ཡོདཔ་ཨིན་པས།
མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ བརྒྱ་ཆ་༡༠.༨༡ དེ་ཅིག་གིས་ ལཱ་གཡོག་མ་ཐོབ་མི་དེ་ ད་ལྟོ་ཚུན་ ཚད་གཞི་མཐོ་ཤོས་ཅིག་ཨིནམ་ད་ ཕྱོགས་གཅིག་ལས་བལྟ་བ་ཅིན་ ཤེས་ཡོན་སྦོམ་མ་ལྷབ་མི་ཚུ་གི་ནང་འཁོད་ ལཱ་གཡོག་མ་ཐོབ་མི་ བརྒྱ་ཆ་༠.༢༥ ལས་མེད་མི་དེ་ ཚད་གཞི་དམའ་ཤོས་ཅིག་ཨིན་མས།
ལཱ་གཡོག་མ་ཐོབ་མིའི་གྱངས་ཁ་ ཡར་འཕར་འགྱོ་དོ་ཡོད་པའི་སྙན་ཞུ་དེ་ ད་རེས་ནངས་པར་ འབྲེལ་ཡོད་ལས་སྡེ་ག་ར་གིས་ མི་སྟོབས་མ་ལང་པའི་ དཀའ་ངལ་ཐོན་པའི་ ནམ་དུས་ལུ་ཨིནམ་ད་ འབྲུག་མི་ཚུ་ ཕྱི་ཁར་འགྱོ་ནི་དང་ ལཱ་གཡོག་ནང་ལས་ ཐོན་འགྱོ་མིའི་གྱངས་ཁ་ ཡར་སེང་འགྱོ་མི་དེ་ ཞབས་ཏོག་གི་གནས་ཚད་ ལེགས་ཤོམ་མེད་མི་ལུ་བརྟེན་ཨིན་ཟེར་ མང་ཤོས་ཅིག་གིས་ སླབ་དོ་ཡོདཔ་ད་ དེ་ཡང་ ལས་མི་བརྟག་ཞིབ་སྙན་ཞུ་དང་ མ་འདྲཝ་ཅིག་ཨིནམ་ད་ གཅིག་ལས་བལྟ་བ་ཅིན་ ང་བཅས་ར་ ལཱ་གཡོག་མ་ཐོབ་མིའི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོདཔ་ད་ གཞན་ཅིག་ལས་བལྟ་བ་ཅིན་ མི་སྟོབས་མ་ལང་པའི་ དཀའ་ངལ་བྱུང་སྟེ་འདུག།
འདས་པའི་ཟླཝ་དག་པ་ཅིག་ནང་ ཞི་གཡོགཔ་མང་ཤོས་ཅིག་གིས་ ལཱ་གཡོག་ནང་ལས་ དགོངས་ཞུ་འགྱོ་དོ་ཡོད་པའི་ སྙན་ཞུ་འབད་ཡོདཔ་ད་ གསོ་བའི་དང་ ཤེས་རིག་ལ་སོགས་པའི་ ཁག་ཆེ་བའི་ལས་སྡེ་ཚུ་ནང་ དགོངས་ཞུ་འགྱོ་མིའི་གྱངས་ཁ་དེ་ ཚ་གྱང་ཆེ་བའི་ གཞི་གནད་ཅིག་ཨིན་མས།
ལཱ་གཡོག་མ་ཐོབ་པའི་གྱངས་ཁ་ ཡར་སེང་འགྱོ་མི་དེ་ གནད་དོན་གཙོ་བོ་ ག་ཅི་ལུ་བརྟེན་ཨིན་ན?
མ་གཞི་ ལཱ་གཡོག་དང་ ལཱ་གཡོག་འཚོལ་མི་ཚུ་གི་བར་ན་ ཁྱད་པར་འཐོན་སྲིད་ནི་ཨིན་རུང་ ལཱ་གཡོག་མ་ཐོབ་མི་དང་ མི་སྟོབས་མ་ལང་པའི་དཀའ་ངལ་དེ་ ལས་སྡེ་ག་ཏེ་ལུ་ཡང་ བྱུང་དོ་ཡོདཔ་ལས་ ཧ་ལས་སི་སི་ཅིག་ཨིན་མས།
ད་རེས་ ཁྲོམ་གྱི་ས་ཁོངས་ཚུ་ནང་ ན་གཞོན་བརྒྱ་ཆ་༡༩.༨ ལཱ་གཡོག་མེད་པར་སྡོད་མི་དེ་ རྒྱལ་ཡོངས་ཀྱི་ ཚ་གྱང་སྦོམ་ཤོས་ཅིག་ཨིནམ་ད་ གལ་སྲིད་ ན་གཞོན་ལཱ་གཡོག་མེད་མི་དེ་ དཔེ་འབད་བ་ཅིན་ ཁྲོམ་གྱི་གནས་སྟངས་ཅིག་ཨིན་པ་ཅིན་ སྲིད་བྱུས་ཚུ་ ལེགས་ཤོམ་སྦེ་ ལག་ལེན་མ་འཐབ་པའི་ བརྡ་མཚོན་སྟོནམ་ཨིན་མས།
ན་གཞོན་ཚུ་གིས་ ལཱ་གཡོག་འཚོལ་ནིའི་དོན་ལུ་ ཁྲོམ་སྡེ་ཚུ་ནང་ འགྱོ་དོ་ཡོདཔ་ཨིན་ན? གཡུས་ཚན་ཚུ་ནང་ གོ་སྐབས་ཚུ་ཡོད་རུང་ ན་གཞོན་ཚུ་ལུ་ རྒྱབ་སྐྱོར་འབད་མི་མེདཔ་ཨིན་ན?
ལཱ་གཡོག་མ་ཐོབ་པའི་དཀའ་ངལ་དང་ གྲོང་གསེབ་ལས་ཁྲོམ་ཁར་ གནས་སྤོ་འགྱོ་མི་ དེ་ལས་ ཁྱིམ་གུང་སྟོངམ་ཐོན་མི་ཚུ་གི་སྐོར་ལས་ ལོ་རྒྱུས་ཚུ་སླབ་ད་ ལཱ་གཡོག་གི་སྙན་ཞུ་དེ་གིས་ ང་བཅས་རའི་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་དགོ་པའི་ གཞི་རྟེན་ཅིག་ཨིན་མས།
འབྲུག་པའི་ན་གཞོན་ཚུ་ལུ་ འཕྲལ་ཁམས་ཅིག་ཁར་ གཞུང་གི་ཞབས་ཏོག་ཚུ་ མང་སུ་སྦེ་ར་ཡོདཔ་ལས་ ཁོང་གིས་ ལཱ་གཡོག་འཚོལ་ནིའི་དོན་ལུ་ སྒེར་སྡེ་དང་ གཞུང་མིན་ལས་སྡེ་ཚུ་ནང་ འགྱོ་དགོཔ་ད་ ད་རེས་ནངས་པར་ མི་སྟོབས་མ་ལང་པའི་ གདོང་ལེན་བྱུང་མི་ལུ་ལྟཝ་ད་ ང་བཅས་རའི་ ན་གཞོན་ཚུ་ ག་ཅི་འབདཝ་ཨིན་ན་ཟེར་ དྲི་བ་བཀོད་དགོཔ་འདུག།

Advertisement