ནགས་མེ་སྔོན་འགོག་དོན་ལུ་ འགན་ཁུར་འདྲ་མཉམ་འབག་དགོཔ།
༉ ཐིམ་ཕུག་ལུ་ ནགས་ཚལ་མེ་རྐྱེན་ཤོར་མི་དེ་ ཚ་གྱང་ཅན་དང་ དྲན་བཏོན་འབད་དགོ་པའི་ གནད་དོན་ཅིག་ལུ་གྱུར་ཡོདཔ་ད་ ནགས་ཚལ་མེ་རྐྱེན་ལུ་བརྟེན་ རྒྱལ་ཁབ་ཀྱི་ སྐྱེ་ལྡན་གནས་སྟངས་ལུ་ གནོད་སྐྱོན་རྐྱབ་པ་གིས་མ་ཚད་ གཞུང་གི་འབད་བརྩོན་དང་ གློ་བུར་གྱི་ཞབས་ཏོག་ དེ་ལས་ མི་སྡེ་ཚུ་ལུ་ དཀའ་སྡུག་འབྱུང་བཅུགཔ་ཨིན་མས།
ཉེན་འཚུབས་ཆེ་བའི་ ནགས་ཚལ་མེ་རྐྱེན་ཚུ་ ཕྱོགས་གཅིག་ལས་བལྟ་བ་ཅིན་ རང་བཞིན་གྱི་ རྒྱུ་རྐྱེན་ཅིག་ལུ་བརྟེན་ འབྱུང་སྲིད་ནི་ཨིན་རུང་ དོན་ངོ་མ་ལུ་ འགྲོ་བ་མིའི་འཐུས་ཤོར་དང་ སྣང་མེད་ དེ་ལས་ སེམས་བག་ཡེངས་ཤོར་བའི་དབང་གིས་ བྱུངམ་ཨིན་མས།
ནགས་ཚལ་མེ་རྐྱེན་ཚུ་ སྔོན་འགོག་འབད་ནིའི་ཐད་ཁར་ འབྲེལ་ཡོད་ལས་སྡེ་དག་པ་ཅིག་ལུ་ འགན་ཁུར་བཀལ་བཞག་ནི་རྐྱངམ་གཅིག་མེན་པར་ འབྲུག་མི་རེ་རེ་བཞིན་དུ་གིས་ གདོང་གཟང་སྟེ་ སྤྱི་རུབ་འགན་ཁུར་འབག་དགོཔ་དེ་ ག་ནི་བ་ ཁག་ཆེ་དྲགས་ཅིག་ཨིན་མས།
ནགས་ཚལ་མེ་རྐྱེན་དེ་ དམིགས་བསལ་དུ་ གནམ་དགུན་གྱི་དུས་ཚོད་ལུ་ མང་སུ་བྱུང་དོ་ཡོདཔ་མ་ཚད་ རྩྭ་ཤིང་ཚུ་སྐམ་མི་དང་ རླུང་ཤུགས་འཕུ་མི་དེ་གིས་ ལྷག་པར་དུ་ མེ་བསད་ནི་ལུ་ གདོང་ལེན་བྱུང་སྟེ་ གནས་སྟངས་ཚབས་ཆེན་བཟོཝ་ཨིན་མས།
ནགས་ཚལ་མེ་རྐྱེན་བྱུངམ་ད་ རིན་ཐང་ཆེ་བའི་ རྒྱལ་ཁབ་ཀྱི་རྒྱུ་ནོར་ ནགས་ཚལ་ཨེ་ཀར་སྟོང་ཕྲག་ལས་བཅད་དེ་ འཚིགས་བཏང་པའི་ཁར་ ནགས་ཚལ་ནང་འཁྱམས་སྡོད་མི་ རི་དྭགས་སེམས་ཅན་མང་རབས་ཅིག་གི་ ཚེ་སྲོག་ལུ་ གནོད་སྐྱོན་རྐྱབ་དོ་ཡོདཔ་ད་ ལྷག་པར་དུ་ ནགས་ཚལ་མེ་རྐྱེན་ལུ་བརྟེན་ ནག་རླུང་ཐོན་མི་དེ་གིས་ དཀའ་ངལ་བྱུང་བཞིན་ཡོད་པའི་ གནམ་གཤིས་འགྱུར་བགྲོད་ལུ་ གནོད་ཉེན་སྦོམ་སྦེ་ར་ རྐྱབ་ཨིན་མས།
ནགས་ཚལ་མེ་རྐྱེན་ཚར་རེ་ཤོརཝ་ད་ མི་དང་ རི་དྭགས་སེམས་ཅན་ཚུ་ལུ་ སྡུག་སྦྱོང་ཚར་རེ་བྱིན་དོ་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ཡང་ གནོད་སྐྱོན་རྐྱབ་དོ་ཡོདཔ་ད་ ནགས་ཚལ་མེ་རྐྱེན་གྱིས་ ནགས་ཚལ་དང་འབྲེལ་མཐུན་ཡོད་པའི་ རང་ལུགས་ལམ་སྲོལ་གྱི་ སྲོལ་ཁྱུན་ལུ་ཡང་ བར་ཆད་རྐྱབ་ཨིན་མས།
ལྟ་རྟོག་པ་ཚུ་གིས་འབད་བ་ཅིན་ གློག་ཀེམ་དང་ རང་བཞིན་གྱི་རྒྱུ་རྐྱེན་ཚུ་གིས་ ནགས་མེ་ཤོར་ནིའི་ སྒྲུབ་བྱེད་ཚུ་ཡོད་རུང་ རྒྱུ་རྐྱེན་ངོ་མ་དེ་ར་ མི་གི་འཐུས་ཤོར་ལུ་བརྟེན་ཏེ་ བྱུངམ་ཨིན་ཟེར་ཨིནམ་ད་ དཔྱེ་འབད་བ་ཅིན་ ཏམ་ཁུ་འཐུང་མི་ཚུ་གིས་ ཏམ་ཁུའི་འཚིགས་རོ་ཚུ་ ག་ལྷོད་བཀོག་བཞག་མི་དང་ སོ་ནམ་པ་ཚུ་གིས་ ཞིང་ནང་རག་རོག་ཚུ་མེ་བཏང་ནི་ དེ་ལས་ སྒོ་ནོར་གྱི་ ཆག་བྱིན་ནིའི་དོན་ལུ་ རྩྭ་མེ་བཏང་མི་ལུ་བརྟེན་ ནགས་མེ་ཤོར་དོ་ཡོདཔ་ཨིན་མས།
གཞུང་གིས་ ནགས་ཚལ་མེ་རྐྱེན་ཚུ་གི་ གདོང་ལེན་དོན་ལུ་ མེ་བསད་འཕྲུལ་ཆས་དང་ མི་སྟོབས་ཚུ་ གཞི་བཙུགས་འབད་བའི་ཁར་ ནགས་མེ་སྔོན་འགོག་གི་ གོ་བརྡའི་ལས་རིམ་ཚུ་ཡང་ དུས་དང་དུས་སུ་ འགོ་འདྲེན་འཐབ་སྟེ་འབད་རུང་ དོན་སྨིན་འབྱུང་མ་ཚུགས་མི་དེ་ཡང་ གཙོ་བོ་ར་ མི་རེ་རེ་བཞིན་དུ་གིས་ འགན་ཁུར་འབག་མ་འབག་དང་ བྱ་སྤྱོད་ལུ་ རག་ལསཔ་ཨིན་མས།
རྒྱུ་མཚན་འདི་ལུ་བརྟེན་ མཐའ་འཁོར་གནས་སྟངས་ཀྱི་ གོ་རྟོགས་དང་ ནགས་ཚལ་མེ་རྐྱེན་ལུ་བརྟེན་པའི་ ཉེན་འཚུབས་སྐོར་ལས་ ཚ་གྱང་འབག་སྟེ་ དྲན་ཤེས་བཏོན་དགོཔ་འདུག།
ང་བཅས་རའི་ མཛེས་ཆ་དང་ལྡན་པའི་ནགས་ཚལ་ཚུ་ རང་བཞིན་མཐའ་འཁོར་གྱི་ རྒྱུ་དངོས་བདོག་གཏད་རྐྱངམ་གཅིག་མེན་པར་ ང་བཅས་རའི་ སྲོལ་ཁྱུན་གྱི་ཆ་ཤས་ཅིག་དང་ འཚོ་བའི་གནས་སྟངས་ དེ་ལས་ ཤུལ་ནོར་ཨིནམ་ལས་ ཁྲོམ་ནང་སྡོད་མི་ཨིན་རུང་ གཡུས་ཚན་ནང་སྡོད་མི་ཨིན་རུང་ ནགས་མེ་སྔོན་འགོག་དོན་ལུ་ འགན་ཁུར་འདྲ་མཉམ་འབག་ནི་དེ་ སེམས་ཁར་ངེས་དགོཔ་ཨིན།