ལམ་ཕྱོགས་ངེས་བདེན་ཐོག་ལུ་ཡོདཔ།

༉ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ འཆར་གཞི་༡༣ པའི་ནང་ སྒེར་སྡེ་ཚུ་ གྲལ་གཏོགས་འབད་བཅུག་ནིའི་ འཆར་གཞི་རྒྱ་ཆེ་དྲགས་སྦེ་ར་ འགོ་བཙུགས་ཡོདཔ་ད་ དེ་ཡང་ གཞུང་སྐྱོང་ལམ་ལུགས་བསྒྱུར་བཅོས་འབད་ནི་དང་ གོང་འཕེལ་གཏང་ནིའི་དོན་ལུ་ཨིན་མས།
འབྲུག་གིས་ གོང་འཕེལ་ཉུང་སུའི་ རྒྱལ་ཁབ་ཀྱི་གནས་རིམ་ནང་ལས་ ཐོན་ཡོདཔ་ལས་ གཞུང་དང་སྒེར་སྡེའི་བར་ན་ མཉམ་འབྲེལ་དེ་ དུས་ཚོད་ཁར་རྐྱངམ་གཅིག་མེན་པར་ ཡུན་བརྟན་གོང་འཕེལ་གྱི་དོན་ལུ་ ཁག་ཆེ་ཤོས་ཅིག་ཨིནམ་ད་ སྒེར་སྡེ་དེ་ ཧེ་མ་ལས་ དཔལ་འབྱོར་གོང་འཕེལ་གྱི་ རྒྱབ་སྐྱོར་འབད་མི་ཨིནམ་སྦེ་ གསལ་སྟོན་འབད་ཡོདཔ་ལས་ དེ་གིས་ ཧེ་མ་དང་ཕྱདཔ་ད་ གལ་གནད་ཆེ་བའི་ འགན་ཁུར་གསརཔ་ འབག་དགོཔ་ཨིན་མས།
འབྲུག་གིས་ གོང་འཕེལ་ཉུང་སུའི་ རྒྱལ་ཁབ་ཀྱི་གནས་རིམ་ནང་ལས་ ཐོན་པའི་ཤུལ་ལུ་ རྒྱལ་སྤྱིའི་མཉམ་རོགས་ཚུ་ལས་ གོང་འཕེལ་གྱི་གྲོགས་རམ་ཚུ་ཡང་ མར་བབས་སོང་ཡོདཔ་ཨིན་མས།
འགྱུར་བ་དེ་ལུ་བརྟེན་ དཔལ་འབྱོར་སྒྲིང་སྒྲི་དང་ རང་མགོ་རང་འདྲོངས་བཟོ་དགོཔ་མ་ཚད་ སྒེར་སྡེ་གིས་ཡང་ ཁྱད་པར་སེལ་ཐབས་དོན་ལུ་ ཁག་ཆེ་བའི་འགན་ཁུར་འབག་དགོཔ་ད་ གཞུང་ལུ་ ཁྲལ་གྱི་ཐོག་ལས་དང་ ལཱ་གཡོག་གི་གོ་སྐབས་བཟོ་ཐོག་ལས་ ཁེ་ཕན་སྦོམ་སྦེ་ར་ འབྱུང་ཚུགས་པ་ཅིན་ སྒེར་སྡེ་ཚུ་གིས་ རྒྱལ་ཁབ་ཡར་རྒྱས་གཏང་ཚུགས་ནི་ཨིན་མས།
གཞུང་གི་ཁ་ཐུག་ལས་ ཚོང་འབྲེལ་གྱི་ གནས་སྟངས་ལེགས་ཤོམ་བཟོ་ནིའི་ ཁས་བླངས་འབད་ཡོདཔ་ད་ སྒྲིག་གཞི་ཚུ་ འཇམ་ཏོང་ཏོ་བཟོ་ནི་དང་ ཞབས་ཏོག་མཁོ་སྤྲོད་ས་གོ་ གཞི་བཙུགས་འབད་ནི་ ལག་ལེན་ཆོག་ཐམ་དང་ ཁྲལ་གྱི་ལམ་ལུགས་ཚུ་ ལེགས་བསྒྱུར་འབད་ནི་ དེ་ལས་ དངུལ་འབྲེལ་གྱི་ཐོབ་ལམ་ཚུ་ ཡར་དྲག་གཏང་ནི་དེ་ ལམ་ཕྱོགས་ངེས་བདེན་ཅིག་ཨིན་མས།
མི་མང་དང་སྒེར་སྡེ་གིས་ མཉམ་འབྲེལ་ཐོག་ལས་ གཞུང་དབང་ཚོང་སྡེ་ཚུ་ སྒེར་སྡེ་བཟོ་ནིའི་ལས་རིམ་དེ་ གཞུང་གིས་ སྒེར་སྡེ་ལུ་ ཕན་ཐོགས་ཡོད་པའི་ ངོས་འཛིན་འབདཝ་ཨིན་ཟེར་ གསལ་སྟོན་འབདཝ་ཨིནམ་ད་ ལེགས་བསྒྱུར་འདི་ ཚོང་འབྲེལ་འཇམ་ཏོང་ཏོ་བཟོ་ནི་རྐྱངམ་གཅིག་མེན་པར་ གསར་བཏོད་དང་ ཚོང་འབྲེལ་ཡར་དྲག་གཏང་ཚུགས་པའི་ གནས་སྟངས་བཟོ་ནི་ཨིན་མས།
སྒེར་སྡེ་གིས་ ཚོང་འབྲེལ་གྱི་གནས་སྟངས་ ཕན་ཐོགས་ཅན་བཟོ་ཐབས་ལུ་ ལམ་ལུགས་གསརཔ་དེ་ཚུ་ བཟོ་དགོཔ་འདུག་ཟེར་ཨིནམ་ད་ ད་ལྟོའི་ ལམ་ལུགས་དང་སྲིད་བྱུས་ཚུ་ ཡར་དྲག་གཏང་ནི་མེན་པར་ བར་ཆད་རྐྱབ་དོ་བཟུམ་ཅིག་སྦེ་ མཐོང་དོ་ཡོདཔ་ད་ ལྟ་བ་འདི་གིས་ གསར་བཏོད་ལུ་ སེམས་ཤུགས་མེདཔ་བཟོ་ནི་དང་ བསམ་འཆར་ཚུ་ཡང་ བཀག་ཆ་འབད་དོ་ཡོདཔ་ད་ དམིགས་བསལ་དུ་ འཕྲུལ་རིག་ཡར་རྒྱས་འགྱོ་མི་དང་ བཟོ་རིག་གི་རིག་རྩལ་ཚུ་ མགྱོགས་དྲགས་སྦེ་ར་ འགྱུར་བ་འགྱོ་དོ་ཡོད་པའི་ འཛམ་གླིང་གི་ གནས་སྟངས་ནང་ཨིན་མས།
ང་བཅས་རའི་གནས་སྟངས་འདི་ བསྒྱུར་བཅོས་འབད་ནིའི་དོན་ལུ་ སྲིད་བྱུས་བཟོ་ནི་གི་ གནས་སྟངས་ཅིག་བཟོ་དགོཔ་ད་ འདི་ནང་ རང་སོའི་རིག་རྩལ་ཚུ་ ཡར་དྲག་གཏང་ནི་དང་ མ་གཞི་ ད་ལྟོའི་ཁྲིམས་ལུགས་ལས་འགལ་ཡོད་རུང་ བསམ་འཆར་གསརཔ་ཚུ་ འགྲུབ་ཚུགསཔ་བཟོ་དགོ།
དཔེ་འབད་བ་ཅིན་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་གྱི་ ལས་འགུལ་དེ་ སྒེར་སྡེ་གིས་ བཅའ་མར་གཏོགས་ནིའི་ འོས་འབབ་སྦོམ་ཡོདཔ་ད་ རེ་འདོད་ཅན་གྱི་ འཆར་སྣང་དེ་ མ་རྩ་བཙུགས་ནི་རྐྱངམ་ཅིག་མེན་པར་ སྒེར་གྱི་སྡེ་ཚན་ནང་ལས་ཡང་ རིག་རྩལ་དང་ གསར་བཏོད་ཚུ་ དགོཔ་ཨིན་མས།
དགེ་ལེགས་ཕུག་དྲན་ཤེས་ཁྲོམ་གྱི་ལས་འགུལ་ འགོ་བཙུགས་ཚུགས་ནིའི་དོན་ལུ་ སྒེར་སྡེ་གིས་ གྲ་སྒྲིག་འབད་དགོཔ་མ་ཚད་ ལས་འགུལ་ནང་ དོན་སྨིན་ཅན་སྦེ་ གྲོགས་རམ་འབད་ཚུགས་ནིའི་དོན་ལུ་ ཉམས་མྱོང་དང་ ལྕོགས་གྲུབ་ཚུ་ འཐོབ་དགོཔ་ཨིན་མས།
སྒེར་སྡེའི་དོན་ལུ་ རྒྱབ་སྐྱོར་ཅན་གྱི་སྒྲིག་གཞི་དང་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་བཟུམ་གྱི་ གོ་སྐབས་ཚུ་ འཐོབ་ཚུགས་པ་ཅིན་ བསམ་བརྗོད་ལས་འདས་པའི་ གོང་འཕེལ་གྱི་ནུས་ཤུགས་ འཐོབ་ཚུགས་ནི་ཨིནམ་ད་ མ་འོངས་པའི་ལམ་འདི་ གདོང་ལེན་ཅན་ཅིག་ཨིན་རུང་ འགྱུར་བ་སྦོམ་དེ་ ཆུང་ཀུ་ལས་ འགོ་བཙུགས་དགོ་ཟེར་ བཤད་སྲོལ་ཡོདཔ་ཨིན།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཐབས་ལམ་དེ་ ལམ་ཕྱོགས་ངེས་བདེན་ཨིནམ་ད་ མཉམ་འབྲེལ་དང་ གཅིག་གིས་གཅིག་ལུ་ གུས་ཞབས་ཐོག་ལས་ གཞུང་དང་ སྒེར་སྡེ་གཉིས་ཆ་ར་གིས་ རྒྱལ་ཡོངས་ཀྱི་དམིགས་གཏད་ཚུ་ འགྲུབ་ནིའི་དོན་ལུ་ མཉམ་འབྲེལ་ཐོག་ལས་ ལཱ་འབད་ཚུགས་པའི་ མ་འོངས་པ་བཟོ་ཚུགས།

Advertisement