ཏམ་ཁུ་ནང་འདྲེན་གྱིས་ ཕྱི་དངུལ་གསོག་འཇོག་ལུ་ ཐོ་ཕོག་ཉེན།

༉ འདས་པའི་ལོ་དག་པ་ཅིག་གི་རིང་ ཏམ་ཁུ་ནང་འདྲེན་ ཡར་འཕར་འགྱོ་མི་ལུ་ལྟཝ་ད་ ཏམ་ཁུ་བཀག་འཛིན་མཐར་འཁྱོལ་འབྱུང་མ་ཚུགས་པའི་ བརྡ་མཚོན་སྟོནམ་ཨིན་མས།
ནད་ཡམས་ཀྱི་སྐབས་ལུ་ གནས་སྐབས་ཀྱི་ཐབས་ལམ་ཅིག་སྦེ་ ཏམ་ཁུ་བཙོང་ནི་འགོ་བཙུགས་མི་དེ་ ད་ལྟོའི་བར་ན་ཡང་ བཀག་འཛིན་འབད་མ་ཚུགས་པའི་ གནས་སྟངས་ནང་ ལྷོད་དེ་ཡོདཔ་ལས་ ཏམ་ཁུ་དང་ དེའི་ཐོན་སྐྱེད་ཚུ་ ནང་འདྲེན་གྱི་ཐོ་ཡིག་ནང་ དོ་འགྲན་ཅན་ཅིག་ལུ་གྱུར་ཡོདཔ་ད་ ཟླཝ་༦ དེ་ཅིག་གི་ནང་འཁོད་ལུ་ ང་བཅས་ཀྱིས་ དངུལ་ཀྲམ་ས་ཡ་༣༣༧ གནས་པའི་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ནུག
རྒྱ་གར་ལས་མེན་པར་ རྒྱལ་ཁབ་གཞན་ཚུ་ལས་ ཟླཝ་༣ གྱི་ནང་འཁོད་ལུ་ དངུལ་ཀྲམ་ས་ཡ་༡༤ གནས་པའི་ ཏམ་ཁུ་ནང་འདྲེན་འབད་མི་དེ་གིས་ ང་བཅས་རའི་ ཕྱི་དངུལ་གསོག་འཇོག་ལུ་ ཐོ་ཕོག་ཉེན་ཡོདཔ་ད་ ཕྱི་དངུལ་གྱི་བཅའ་ཁྲིམས་དེ་ མི་ངོམ་ཚུ་ལུ་ ཚད་འཛིན་འབད་ཡོདཔ་ལས་ འབྲུག་མི་རེ་གིས་ ལོ་རེ་ལུ་ ཡུ་ཨེསི་ཌོ་ལར་༣,༠༠༠རྐྱངམ་གཅིག་ འཐོབ་ཚུགསཔ་ད་ ལྷོ་ཀོ་རི་ཡ་ལས་ ཏམ་ཁུ་ནང་འདྲེན་འབད་མི་དེ་གིས་ཡང་ ཕྱི་དངུལ་གསོག་འཇོག་ལུ་ ཐོ་སྦོམ་སྦེ་ར་ ཕོག་ནི་ཨིན་མས།
གྱངས་ཁ་འདི་ཚུ་ལུ་བལྟ་བ་ཅིན་ འབྲུག་འདི་ ཏམ་ཁུ་བཀག་དམ་འབད་མི་ རྒྱལ་ཁབ་དང་པ་ཨིན་རུང་ ཁས་བླངས་འབད་མི་དེ་ མཐར་འཁྱོལ་འབྱུང་མ་ཚུགས་པའི་ མངོན་གསལ་བྱུངམ་ཨིན་མས།
མ་གཞི་ རྒྱལ་ཁབ་ནང་ ཏམ་ཁུ་ལག་ལེན་འཐབ་མ་ཆོག་པའི་ བཀག་ཆ་འབད་དེ་མེདཔ་ད ཁྲལ་དང་ ཁྲིམས་ལུགས་ཚུ་གི་ཐོག་ལས་ བཀག་ཆ་འབད་ཡོདཔ་མ་ཚད་ མི་མང་གི་ས་ཁོངས་ཚུ་ནང་ ཏམ་ཁུ་འཐུང་མ་ཆོག་པའི་ བཀག་ཆ་འབད་ཡོདཔ་ཨིན་པས།
ཏམ་ཁུ་ནང་འདྲེན་གྱི་ ཁྲིམས་ལུགས་དེ་ གནས་སྐབས་ཀྱི་ཐབས་ལམ་ཅིག་སྦེ་ དམིགས་གཏད་བསྐྱེད་ཡོདཔ་ད་ ནད་ཡམས་ཀྱི་སྐབས་ལུ་ མི་ཚུ་གིས་ འཕྲོ་མཐུད་དེ་ར་ ཏམ་ཁུ་ནག་ཚོང་འཐབ་མི་ལུ་བརྟེན་ ཁྲིམས་ལུགས་ཚུ་ བསྒྱུར་བཅོས་འབད་དགོཔ་བྱུང་ཡོདཔ་ཨིན་རུང་ ད་ལྟོ་ ནད་ཡམས་མཇུག་བསྡུ་ཚར་ཞིནམ་ལས་ སྲིད་བྱུས་བསྐྱར་ཞིབ་འབད་དེ་ སྒྲིང་སྒྲི་བཟོ་དགོཔ་འདུག
ཏམ་ཁུའི་ཚོང་འབྲེལ་དེ་ རྒྱལ་ཁབ་གསུམ་པ་ཚུ་ལས་ ནང་འདྲེན་འབད་མི་བརྩིས་ཏེ་ གོང་ཚད་ཁེ་སུ་འབད་མི་ སི་ག་རེཊ་གིས་ ཁྱབ་ཡོདཔ་ད་ ཧེ་མ་དང་ཕྱདཔ་ད་ ཏམ་ཁུའི་ཚོང་འབྲེལ་དེ་ དོ་འགྲན་ཅན་ཅིག་ལུ་གྱུར་ཏེ་ཡོདཔ་ད་ དཔེ་འབད་བ་ཅིན་ ཏམ་ཁུའི་བྲོཝ་དང་ བཟོ་རྣམ་ཚུ་ མཛེས་ཆ་དང་ལྡནམ་སྦེ་ གསརཔ་བཟོ་ནི་དེ་གིས་ཡང་ ཏམ་ཁུ་མ་འཐུང་མི་ཚུ་ དཔའ་བཅམ་པའི་ མངོན་གསལ་བྱུངམ་ཨིན་མས།
ཏམ་ཁུ་འཐུང་ནི་དེ་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་སྐྱོན་སྦོམ་ཡོདཔ་ད་ སྤྱི་ལོ་༢༠༢༣ ལུ་ རྒྱལ་ཡོངས་འཕྲོད་བསྟེན་བརྟག་ཞིབ་དང་འཁྲིལཝ་ད་ ཏམ་ཁུ་ལག་ལེན་འཐབ་ནི་དེ་ ནད་གཞི་ཁྱབ་སྤེལ་མ་འགྱོ་མི་ཚུ་གི་དོན་ལུ་ སྤྱོད་ལམ་གྱི་གནད་དོན་གལ་ཆེ་ཤོས་ཅིག་ཨིན་མས།
བརྟག་ཞིབ་ནང་ འབྲུག་མི་སྐྱེས་ལོ་༡༥ ལས་༦༩ གི་བར་ན་འབད་མི་ བརྒྱ་ཆ་༢༩.༨ ཀྱིས་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ཚུ་ ལག་ལེན་འཐབ་དོ་ཡོདཔ་ད་ སྤྱིར་བཏང་བརྒྱ་ཆ་༡༤.༢ ཀྱིས་ ཏམ་ཁུ་འཐུང་དོ་ཡོདཔ་བཞིན་དུ་ བརྒྱ་ཆ་༡༩.༨ ཀྱིས་ དུ་པ་མ་འཐོན་པའི་ ཏམ་ཁུ་འཐུང་དོ་ཡོདཔ་ད་ ད་རུང་ བརྒྱ་ཆ་༡༧.༦༥ གིས་ ཁོང་རའི་ཁྱིམ་ནང་ ཏམ་ཁུ་འཐུང་མི་ཚུ་དང་གཅིག་ཁར་ རུབ་སྟེ་འཐུང་དོ་ཡོདཔ་ད་ བརྒྱ་ཆ་༥༢.༥༣ གྱིས་ ཁོང་རའི་ ལཱ་གི་ས་གོ་ནང་ ཏམ་ཁུ་འཐུང་པའི་ ངོས་འཛིན་བྱུང་ནུག།
ང་བཅས་རའི་ མི་རློབས་ཀྱི་ཚད་གཞི་ལུ་བལྟ་བ་ཅིན་ འབྲུག་རྒྱལ་ཁབ་ནང་ ཏམ་ཁུ་ལག་ལེན་འཐབ་མི་ ཡར་སེང་འགྱོ་མི་དེ་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ཨིནམ་ད་ ཏམ་ཁུ་གིས་ མི་མང་གི་འཕྲོད་བསྟེན་ལུ་ གནོད་སྐྱོན་རྐྱབ་ནི་རྐྱངམ་གཅིག་མེན་པར་ ང་བཅས་རའི་ ཆོས་ལུགས་དང་ཡང་ རྒྱབ་འགལ་ཨིནམ་ད་ ང་བཅས་ཀྱིས་ ཏམ་ཁུ་གི་སྲིད་བྱུས་དེ་ བསྐྱར་ཞིབ་འབད་དགོ་པའི་ གནད་དོན་ལེ་ཤ་ཅིག་ཡོད་པའི་གྲས་ལས་ ཐད་ཀར་གྱི་ གནད་དོན་དེ་ ཟླཝ་༣ གྱི་ནང་འཁོད་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༡༤ གནས་པའི་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་མི་དེ་གིས་ ང་བཅས་རའི་ ཕྱི་དངུལ་གསོག་འཇོག་ལུ་ ཐོ་ཕོག་ཉེན་འདུག

Advertisement