དཔེ་སྟོན་གསརཔ་ཅིག་ཨིན་པའི་ དྲན་ཤེས།
༉ རྒྱལ་རབས་ཅན་གྱི་ དུང་དཀར་ཇོང་ནང་ འདས་པའི་ཉིན་གྲངས་༣ གྱི་རིང་ འབྲུག་གི་གསར་བཏོད་གྲོས་འཛོམས་ མཐར་འཁྱོལ་ཅན་སྦེ་ འགོ་འདྲེན་འཐབ་མིའི་ནང་ འཛམ་གླིང་རྒྱལ་སྤྱི་ལས་ བསམ་ཞིབ་འགོ་ཁྲིདཔ་དང་ ཚན་རིག་མཁས་མཆོག་ གཞུང་ལུགས་མཁས་མཆོག་ དེ་ལས་ དཔལ་འབྱོར་མཁས་མཆོག་ཚུ་གིས་ དྲན་ཤེས་དང་ ཚོང་ལཱ་ གསར་བཏོད་ དེ་ལས་ འཕྲུལ་རིག་ལ་སོགས་པའི་ གནད་དོན་གལ་ཅན་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ཡི།
དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་གཏེར་ལས་འཁྲུངས་མི་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ ཇི་ཨེམ་སི་གི་ དམིགས་བསལ་འབྲེལ་གནད་ཚུ་ནང་ གྲོས་བསྡུར་འབད་ཡོདཔ་བཞིན་དུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གཞི་རྩ་དང་ ནང་པའི་ཆོས་ཀྱི་ལྟ་བ་ དེ་ལས་ ཡུན་བརྟན་ཐབས་ལམ་ཚུ་ ཁྲོམ་གྱི་གནས་སྟངས་ནང་ སྦྲེལ་མཐུད་འབད་ནིའི་ ཐབས་ལམ་ཚུ་བཏོན་ཡོདཔ་ཨིན།
འབྲུག་འདི་ ང་བཅས་རའི་ མ་འོངས་པ་ལུ་དམིགས་ཏེ་ མཐོང་སྣང་མ་འདྲཝ་ཅིག་ བཟོ་ནི་གི་ ཐབས་ཤེས་བཏོན་མི་དང་བསྟུན་ གནད་འགག་ཆེ་བའི་ ལམ་རྒྱ་གྲམ་འཛོམས་ཅིག་ལུ་ ལྷོད་དེ་ཡོདཔ་ད་ ང་བཅས་ལུ་ དམིགས་གཏད་དང་ གོ་སྐབས་ དེ་ལས་ འགོ་ཁྲིད་འབད་ནི་གི་ ལྕོགས་གྲུབ་ཡོདཔ་ལས་ དྲན་ཤེས་ཅན་གྱི་ཚོང་འབྲེལ་འདི་ ཚོང་འབྲེལ་གྱི་ དཔེ་ཅིག་སྦེ་མེན་པར་ འཛམ་གླིང་གི་གནས་ཚད་ནང་ འགྱུར་བ་བཟོ་མི་ལས་རིམ་ཅིག་སྦེ་ འགོ་འདྲེན་འཐབ་ཚུགས་ནི་ཨིན་མས།
ང་བཅས་ལུ་ བསམ་ཞིབ་འགོ་ཁྲིདཔ་ཅིག་སྦེ་ འགྱུར་ཚུགས་པའི་གོ་སྐབས་ཡོདཔ་མ་ཚད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ རིག་གཞུང་ལུ་བརྟེན་ དགའ་སྐྱིད་དང་ ཡུན་བརྟན་གོང་འཕེལ་གྱི་ས་ཁོངས་ནང་ མནོ་བསམ་བཏང་མི་ འགོ་ཁྲིདཔ་ཅིག་སྦེ་ འགྱུར་ཚུགས་པའི་ གོ་སྐབས་ཡོད།
སྤྱི་ལོ་༡༩༧༠དོན་གྲངས་ལུ་ མི་དབང་རྒྱལ་༤ པ་མཆོག་གིས་ འགོ་བཙུགས་གནང་མི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱིས་ དཔལ་འབྱོར་གོང་འཕེལ་དང་ རྒྱུ་དངོས་གོང་འཕེལ་ལུ་མ་བལྟ་བར་ མི་སེར་ཚུ་གི་བདེ་སྐྱིད་ལུ་ གཙོ་རིམ་བཟུང་སྟེ་ཡོདཔ་ད་ རྒྱལ་ཁབ་ཀྱི་ ནང་པའི་ཆོས་ཀྱི་ཤུལ་ནོར་དང་ འབྲེལ་བ་སྦོམ་ཡོད་མི་ ཐབས་ལམ་དེ་གིས་ གཅིག་གིས་གཅིག་ལུ་ འབྲེལ་བ་འཐབ་ནི་དང་ བྱམས་སྙིང་བསྐྱེད་ནི་ དེ་ལས་ དྲན་པ་བཏོན་ནི་ཚུ་ གསལ་སྟོན་འབདཝ་ཨིན་མས།
འབྲུག་པའི་ལམ་སྲོལ་ནང་ རང་བཞིན་དང་ མི་སྡེ་ནང་མཐུན་ལམ་བཟོ་ནི་ལུ་ གཙོ་རིམ་བཟུང་སྟེ་ཡོདཔ་ལས་ དེ་ཚུ་ སེམས་ཁར་བཞག་སྟེ་ ཚོང་འབྲེལ་འཐབ་ནིའི་ གཞི་རྩ་ཚུ་དང་ འབྲེལ་བ་ཡོད་པའི་ བརྩི་མཐོང་ཚུ་ཨིནམ་ད་ འདི་བཟུམ་མའི་ གནས་སྟངས་ནང་ ཇི་ཨེམ་སི་ཁྲོམ་ཚོགས་ གོང་འཕེལ་གཏང་ནི་དེ་ ཁྲོམ་སྡེའི་འཆར་གཞིའི་ལས་རིམ་རྐྱངམ་གཅིག་མེན་པར་ ང་བཅས་རའི་ ཚོང་ལཱ་གི་བསམ་འཆར་དང་ བཟོ་སྐྲུན་གྱི་ཐབས་ལམ་ཚུ་ བསྐྱར་ཞིབ་འབད་ནིའི་ ཐབས་ཤེས་ངོ་མ་ཅིག་ཨིན་མས།
ཁྲོམ་ཚོགས་ཀྱིས་ ཉིན་བསྟར་ལཱ་གི་ཐད་ཁར་ དྲན་ཤེས་ཅན་གྱི་བྱ་སྤྱོད་ཚུ་ གཅིག་ཁར་བསྡོམ་ནི་དང་ གནས་སྟངས་བརྟན་ཏོག་ཏོ་དང་ མཐའ་འཁོར་གནས་སྟངས་འཛིན་སྐྱོང་ལུ་ གཙོ་རིམ་བཟུང་མི་ ལམ་སྲོལ་ཡར་དྲག་གཏང་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་མས།
འབྲུག་འདི་ ཧེ་མ་ལས་ རང་བཞིན་ཉམས་སྲུང་ལུ་ ཁས་བླངས་འབད་མི་ལུ་བརྟེན་ ཡོངས་གྲགས་ཅན་ཅིག་ཨིནམ་ད་ རྩ་ཁྲིམས་ཆེན་མོ་གིས་ རྒྱལ་ཁབ་ཀྱི་ ས་ཆ་བརྒྱ་ཆ་༦༠དུས་རྒྱུན་དུ་ ནགས་ཚལ་བཞག་དགོཔ་སྦེ་ཨིནམ་ད་ དྲན་ཤེས་ཅན་གྱི་ཚོང་པ་ཚུ་གིས་ འབྲུག་གི་ རང་བཞིན་ལུ་བརྩི་མཐོང་བསྐྱེད་མི་ ཡུན་བརྟན་ཐོན་སྐྱེད་དང་ ཞབས་ཏོག་ཚུ་བཟོ་སྟེ་ རང་བཞིན་གནས་སྟངས་འཛིན་སྐྱོང་ལུ་ ལྷན་ཐབས་འབད་ཐོག་ལས་ གཞི་འགྱམ་དེ་གུ་ བཟོ་སྐྲུན་འབད་དགོཔ་ད་ དེ་ཡང་ རང་བཞིན་གྱི་ཞིང་ལཱ་དང་ སླར་འབྱུང་ནུས་ཤུགས་ཐབས་ལམ་ དེ་ལས་ རང་བཞིན་གནས་སྟངས་ལྟ་བཤལ་གྱི་ ཚོང་འབྲེལ་ཚུ་ཨིན།
ཤེས་རིག་ནང་ མ་རྩ་བཙུགས་ནི་དེ་ གལ་ཆེཝ་སྦེ་ འཐོན་ནི་ཨིན་མི་དེ་ཡང་ ཚོང་འབྲེལ་གྱི་བྱ་སྤྱོད་ལེགས་ཤོམ་ལུ་ གཙོ་བོར་བཏོན་ནིའི་དོན་ལས་ཨིནམ་ད་ ང་བཅས་ཀྱིས་ འབྲུག་པའི་ཚོང་པ་ཚུ་གི་ མི་རབས་ཚུ་ལུ་ ཡུན་བརྟན་ཐོག་ ཚོང་འབྲེལ་འཐབ་ཚུགས་པའི་ ཐབས་ལམ་དང་ སེམས་ཀྱི་རྣམ་གཞག་ཚུ་ སྟོན་བྱིན་དགོཔ་ཨིན།
ང་བཅས་ཀྱིས་ འབྲུག་འདི་ འཛམ་གླིང་ནང་ དྲན་ཤེས་ཅན་གྱི་ ཚོང་ལཱ་ལྟེ་བ་ཅིག་སྦེ་ བཟོ་དགོ་པ་ཅིན་ འཕྲུལ་རིག་གསར་བཏོད་ལུ་ ལྷན་ཐབས་འབད་ཚུགས་པའི་ གནས་སྟངས་ཅིག་ བཟོ་དགོཔ་ཁག་ཆེ་བའི་ཁར་ ང་བཅས་རའི་ མི་སྟོབས་གོང་འཕེལ་གཏང་ནིའི་དོན་ལུ་ ས་གནས་ཀྱི་ རིག་རྩལ་ཅན་ཚུ་ལུ་ བརྩི་མཐོང་དང་ མ་རྩ་བཙུགས་དགོཔ་འདུག
རྒྱལ་ཁབ་གཞན་གྱི་དོན་ལུ་ དཔེ་སྟོན་གྱི་ལཱ་འབད་ཚུགས་པའི་ཁར་ ཁྲོམ་ཚོགས་དེ་ནང་ མི་སེར་ཚུ་གི་ཁེ་ཕན་དང་ ལམ་སྲོལ་ཉམས་སྲུང་ དེ་ལས་ མཐའ་འཁོར་གནས་སྟངས་དང་འབྲེལ་བའི་གནས་སྟངས་ཚུ་ ལེགས་ཤོམ་སྦེ་བཞག་ནི་དང་ དཔལ་འབྱོར་ཡར་དྲག་གཏང་ནི་ལུ་ གཙོ་རིམ་བཟུང་ནི་དེ་ ཁག་ཆེ་དྲགས་ཅིག་ཨིན་མས།
དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ཀྱི་ འཆར་སྣང་དེ་ མ་འོངས་པའི་འཆར་སྣང་ཨིན།