ཕྱི་ཁའི་ཐད་ཀར་མ་རྩ་གཞི་བཙུགས་དོན་ལུ་ ཁྲིམས་མཐུན་ཐབས་བྱུས་བཏོན་དགོཔ།

༉ ཐོན་ཁུངས་དང་ མ་དངུལ་མེད་པའི་ རྒྱལ་ཁབ་ཅིག་གི་དོན་ལུ་ ཕྱིའི་ཐད་ཀར་མ་རྩ་གཞི་བཙུགས་འབད་ནི་དེ་ དཔལ་འབྱོར་ཡར་རྒྱས་གཏང་ནིའི་དོན་ལུ་ མ་རྩ་མངམ་བཏོན་ཐབས་ལུ་ གལ་གནད་ཅན་ཅིག་ཨིནམ་ད་ གཞུང་གིས་ ཕྱིའི་ཐད་ཀར་མ་རྩ་གཞི་བཙུགས་ཐད་ཁར་ ད་ལྟོ་ ཡོངས་བསྡོམས་དངུལ་ཀྲམ་ཐེར་འབུམ་༥༠ལས་ ཉུང་སུ་འབད་མི་དེ་ སྤྱི་ལོ་༢༠༢༩ འི་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༥༠༠ལུ་ ཡར་སེང་འབད་ནི་གི་ དམིགས་གཏད་བསྐྱེད་མི་དེ་ཡང་ ཤུལ་མའི་ལོ་༤ གི་ནང་འཁོད་ལུ་ བཅུ་ལྟབ་སྦེ་ ཡར་སེང་འབད་ཨིན་མས།
ང་བཅས་རའི་ ཁྱད་དུ་འཕགས་པའི་ འཆར་གཞི་འདི་ སྲིད་དོན་གྱི་ གནས་སྟངས་བརྟན་ཏོག་ཏོ་དང་ རང་བཞིན་གནས་སྟངས་ལེགས་ཤོམ་ ལམ་སྲོལ་མ་འདྲཝ་ དེ་ལས་ ཨིང་སྐད་སླབ་མི་ ཤེས་ཡོན་ཅན་གྱི་ ལས་མི་ཚུ་གིས་ བཟོ་སྟེ་ཡོད་རུང་ དེ་གིས་ ཕྱིའི་ཚོང་འབྲེལ་ལུ་ འོང་འབབ་སྦོམ་སྦེ་ར་ བཟོ་མ་ཚུགསཔ་ད་ འདས་པའི་ལོ་ཚུན་ ཕྱིའི་ཐད་ཀར་མ་རྩ་གཞི་བཙུགས་ ཡོངས་བསྡོམས་དངུལ་ཀྲམ་ཐེར་འབུམ་༤༨.༦༡ ལུ་ལྷོད་མི་དེ་ སྤྱི་ལོ་༢༠༢༢ ལུ་ དངུལ་ཀྲམ་ཐེར་འབུམ་༤༣.༦༢ འབད་མི་ལས་ དུམ་གྲ་ཅིག་ ཡར་སེང་སོང་ནུག།
འབྲུག་གི་ ད་ལྟོའི་ ཕྱིའི་ཐད་ཀར་མ་རྩ་གཞི་བཙུགས་ཀྱི་ གནས་སྟངས་ནང་ དཀའ་ངལ་ལེ་ཤ་ཡོདཔ་ད་ དེ་ཡང་ དཔལ་འབྱོར་དང་འབྲེལ་བའི་ གནས་སྟངས་ལེགས་ཤོམ་མེད་མི་དང་ གཞུང་སྐྱོང་གི་ལས་སྡེ་ཚུ་ གཅིག་ལས་གཅིག་བརྒྱུད་དེ་ ལཱ་འབད་དགོཔ་ ལས་སྡེ་ཚུ་གི་བར་ན་ མཉམ་འབྲེལ་མེད་མི་ ལམ་ལུགས་ཡུན་རིངམོ་སྦེ་ཡོད་པའི་ཁར་ གཞུང་གི་འགོ་དཔོན་ཚུ་ འཇོན་དྲགས་མེད་པའི་དཀའ་ངལ་ཚུ་ ཡོདཔ་ཨིན་མས།
ཕྱི་རྒྱལ་ཚོང་ལས་ཚུ་ལུ་ ཡུན་འགྱངས་དང་ གདོང་ལེན་སྦོམ་བྱུང་བའི་ ལོ་རྒྱུས་ལེ་ཤ་ཡོདཔ་ད་ དཔེར་ན་ ཕྱིའི་ཐད་ཀར་མ་རྩ་གཞི་བཙུགས་འབད་མི་ ལས་སྡེ་ཅིག་གིས་ སྤ་རོ་ལུ་ སྐྱིད་གནས་སྦོམ་ཅིག་ བཟོ་སྐྲུན་འབད་ནི་གི་ འཆར་གཞི་ཡོད་རུང་ ས་ཆ་འཐོབ་ནི་དང་ བདག་དབང་སྤོ་བཤུད་འབད་ནི་ དེ་ལས་ གཞུང་གི་ལས་སྡེ་ཁག་ལས་ གནང་བ་ལེན་ནི་ལུ་ ལོ་ལྷགཔ་ཅིག་ འགོར་སོ་ནུག།
དེ་གིས་ ང་བཅས་རའི་ རིམ་མང་སྲིད་གཞུང་དེ་ ག་ཅི་བཟུམ་ཡོདཔ་ཨིན་ན་ གསལ་སྟོན་འབདཝ་ཨིནམ་ད་ དེ་ཡང་ ག་ཅི་སྨོ་ཟེར་བ་ཅིན་ འཕྲལ་འཕྲལ་ར་ གཞུང་སྐྱོང་ལམ་ལུགས་དེ་གིས་ དངུལ་འབྲེལ་མཐུན་རྐྱེན་བཟོ་ནི་མེན་པར་ བཀག་ཆ་འབད་བའི་གནས་སྟངས་ལུ་གྱུརཝ་ཨིན་མས།
གནད་དོན་འདི་ལུ་ལྟཝ་ད་ ཕྱི་རྒྱལ་གྱི་ཚོང་པ་ཚུ་གིས་ ལམ་ལུགས་ལེགས་ཤོམ་མེད་པའི་ འབྲུག་རྒྱལ་ཁབ་ནང་ ག་ཅི་སྦེ་ མ་རྩ་གཞི་བཙུགས་འབད་དགོཔ་ཨིན་ན་ཟེར་བའི་ དྲི་བཀོད་འབད་སྲིད་ནི་ཨིན་མས།
འབྲུག་རྐྱངམ་གཅིག་མེན་པར་ ལུང་ཕྱོགས་ག་ར་གིས་ ཕྱིའི་རྒྱལ་ཁབ་ཚུ་ནང་ ཕྱིའི་དངུལ་བཏོན་ནི་ལུ་ དོ་འགྲན་བྱུང་དོ་ཡོདཔ་ད་ ང་བཅས་ར་ བསྒྱུར་བཅོས་མ་འབད་བ་ཅིན་ མགྱོགས་པ་ར་ མ་རྩ་གཞི་བཙུགས་འབད་ནིའི་ དང་འདོད་བསྐྱེད་མི་ཚུ་ཡང་ སྤྲོ་བ་ཞན་བཅུག་ནིའི་ཉེན་ཁ་འདུག།
ད་རེས་ཀྱི་གནས་སྟངས་ནང་ ཕྱི་རྒྱལ་གྱི་ཚོང་པ་ཚུ་གིས་ ཐིམ་ཕུག་དང་ སྤ་རོའི་ཕྱི་ཁར་འགྱོ་དགོ་པ་ཅིན་ དམིགས་བསལ་གྱི་ཆོག་ཐམ་དགོཔ་ལས་ འབྲུག་འདི་ ཚོང་འབྲེལ་གྱི་དོན་ལུ་ འོས་འབབ་མེད་པའི་ ས་གནས་ཅིག་ཨིན་མས་ཟེར་བའི་ མནོ་བསམ་བཏང་སྟེ་འདུག།
གཞུང་གི་ ཕྱི་ཁའི་ཐད་ཀར་མ་རྩ་གཞི་བཙུགས་ཀྱི་ སྲིད་བྱུས་ཟིན་བྲིས་གསརཔ་དེ་ ད་ལྟོ་ ལྷན་རྒྱས་གཞུང་ཚོགས་ཀྱི་ གནང་བ་དོན་ལུ་ སྒུག་སྟེ་ཡོདཔ་ད་ དེ་གིས་ རྒྱལ་ཁབ་ནང་ ཕྱི་རྒྱལ་དངུལ་བཙུགས་ཀྱི་ དཀའ་ངལ་བྱུང་སྟེ་ཡོད་མི་ གནད་དོན་མང་ཤོས་ཅིག་ སེལ་ཐབས་འབད་ཚུགས་ནི་ཨིན་མས།
བསྐྱར་ཞིབ་འབད་མི་ ཕྱིའི་ཐད་ཀར་མ་རྩ་གཞི་བཙུགས་ཀྱི་ ཁྲིམས་ལུགས་དེ་གིས་ དངུལ་འབྲེལ་གནས་སྟངས་དེ་ ཕན་ཐོགས་ཅན་བཟོ་ཐབས་ལུ་ ཐབས་ཤེས་བཏོན་ཏེ་ཡོདཔ་ད་ དེ་ཡང་ དམིགས་བསལ་དུ་ ཕྱི་རྒྱལ་ལས་སྡེ་ཚུ་ལུ་ དངུལ་འབྲེལ་མཐུན་རྐྱེན་ཚུ་ འཐོབ་ཚུགསཔ་བཟོ་ནི་དང་ བགོ་བཤའ་ཚུ་ ལོག་རྒྱལ་ཁབ་ནང་ གཏང་ནི་ལུ་ འཇམ་ཏོང་ཏོ་བཟོ་ཐབས་ལུ་ཨིན་མས།
ཕྱི་ཁའི་ཐད་ཀར་མ་རྩ་གཞི་བཙུགས་ཀྱི་ ཁྲིམས་་ལུགས་གསརཔ་དེ་གིས་ དམིགས་བསལ་དུ་ སོ་ནམ་དང་ འཕྲོད་བསྟེན་བདག་འཛིན་ དེ་ལས་ ནུས་ཤུགས་བསྐྱར་གསོའི་ལས་སྡེ་ཚུ་ནང་ ཕྱིའི་བགོ་བཤའ་གནས་གོང་བརྒྱ་ཆ་༡༠༠འབད་ཆོག་ནི་ཨིན་མས།
ཤུལ་མའི་ལོ་༤ ནང་ ཕྱི་ཁའི་ཐད་ཀར་མ་རྩ་གཞི་བཙུགས་ དངུལ་ཀྲམ་ཐེར་འབུམ་༥༠༠བཟོ་ནི་དེ་ ད་ལྟོའི་ ཚོང་འབྲེལ་ཐབས་ལམ་དེ་ལུ་ར་ གནས་སྡོད་པ་ཅིན་ ལཱ་ཁག་རྐྱབ་ནིའི་ཉེན་ཁ་འདུག།

Advertisement