ཏམ་ཁུའི་གདོང་ལེན་དོན་ལུ་ དགོས་མཁོའི་ཐབས་ལམ་ཚུ་ བཏོན་དགོཔ།
༉ འབྲུག་གིས་ སྤྱི་ལོ་༢༠༠༤ ལུ་ ཏམ་ཁུ་བཙོང་མ་ཆོག་པའི་ སྙིང་སྟོབས་ཅན་གྱི་ གྲོས་ཐག་བཅད་པའི་སྐབས་ འཛམ་གླིང་ནང་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་ཉེན་ཆེ་བའི་ ཏམ་ཁུ་ལུ་ གདོང་ལེན་དམ་སྒྲིང་འབད་མི་ རྒྱལ་ཁབ་དང་པ་ཨིན་པའི་ རྒྱལ་སྤྱིའི་བསྟོད་བསྔགས་དང་ སྙན་གྲགས་ཐོན་ཡོདཔ་ཨིན་རུང་ ད་རེས་འབདཝ་ད་ ཏམ་ཁུའི་ནང་འདྲེན་ ཡར་སེང་སོང་མི་དེ་གིས་ མཐོང་སྣང་མ་འདྲཝ་ཅིག་ལུ་ གྱུར་བཏངམ་ལས་ གློ་བུར་དྲན་བཏོན་འབད་དགོ་པའི་ དུས་ཚོད་གནད་འགག་ཅན་ཅིག་ཨིན་མས།
སྤྱི་ལོ་༢༠༢༠ དང་༢༠༢༤ གི་ སྤྱི་ཟླ་༦ པའི་བར་ན་ འབྲུག་གིས་ ཧ་ལས་སི་སི་སྦེ་ དངུལ་ཀྲམ་ཐེར་འབུམ་༡.༥ གནས་པའི་ཏམ་ཁུ་ སི་ག་རེཊ་ས་ཡ་༥༣༡ ནང་འདྲེན་འབད་ཡོདཔ་ད་ སྤྱི་ལོ་༢༠༢༢ ལུ་ ཏམ་ཁུའི་ནང་འདྲེན་དེ་ དངུལ་ཀྲམ་ཐེར་འབུམ་༡.༤ ཨིནམ་བཞིན་དུ་ སྤྱི་ལོ་༢༠༢༤ གི་ ལོ་ཕྱེད་དང་པའི་ནང་ དངུལ་ཀྲམ་ས་ཡ་༣༣༧ གནས་པའི་ ཏམ་ཁུ་ནང་འདྲེན་འབད་ནུག།
སྤྱི་ལོ་༢༠༢༤ གི་ ལོ་ཕྱེད་༢ པའི་ནང་ རྒྱ་གར་མེན་པའི་ རྒྱལ་ཁབ་གཞན་ལས་ ཏམ་ཁུའི་ནང་འདྲེན་བརྒྱ་ཆ་༢༣༧.༧༥ འབད་མི་ལུ་ལྟཝ་ད་ ཚར་གཅིག་ ཏམ་ཁུ་དམ་འཛིན་ནང་ དམིགས་བསལ་དུ་ མཐར་འཁྱོལ་བྱུང་མི་ འབྲུག་རྒྱལ་ཁབ་ཀྱི་དོན་ལུ་ ཚ་གྱང་ཅན་ཅིག་ཨིན་མས།
ཏམ་ཁུའི་ནང་འདྲེན་ནང་ ཡར་སེང་མགྱོགས་དྲགས་འགྱོ་མི་དེ་ འབྲུག་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་གི་དོན་ལུ་ མཁོ་འདོད་ཡར་སེང་འགྱོ་བའི་ རྟགས་མཚན་ཨིནམ་ལས་ ངེས་པར་དུ་ གདོང་ལེན་འབད་དགོཔ་འདུག།
ཁྲིམས་ཀྱི་བཀག་དམ་དང་ ཚད་འཛིན་ཡོད་དེ་འབད་རུང་ ཏམ་ཁུ་སྤྱོད་མི་ཡར་སེང་འགྱོ་མི་ལུ་ལྟཝ་ད་ ལག་ལེན་ནང་ མགུ་རྙོགས་དྲགས་དང་ ཡང་ཅིན་ གོམས་གཤིས་ཚུད་པའི་ གནད་དོན་དང་འབྲེལ་བའི་ དཀའ་ངལ་ཅིག་ཨིན་མས།
དེ་ཡང་ འབྲུག་ལུ་ སྲིད་བྱུས་དང་ ལག་ལེན་གྱི་བར་ན་ འབྲེལ་མཐུན་མེད་ནི་དེ་གིས་ ཏམ་ཁུ་སྤྱོད་མིའི་གྱངས་ཁ་ འཕྲོ་མཐུད་དེ་ར་ ཡར་སེང་འགྱོ་དོ་ཡོདཔ་ད་ གཞུང་གིས་ ཏམ་ཁུ་ཚད་འཛིན་ནང་ དམིགས་བསལ་དུ་ ཁྲིམས་དང་སྒྲིག་གཞི་ཚུ་ གཞི་བཙུགས་འབད་རུང་ སྒྲིང་སྒྲི་སྦེ་ མར་ཕབ་འབད་མ་ཚུགས་པའི་ གདོང་ལེན་བྱུང་ཡོདཔ་ཨིན་མས།
ཕྱོགས་གཅིག་ལས་བལྟ་བ་ཅིན་ རྒྱལ་ཁབ་ནང་ ཏམ་ཁུའི་མཁོ་འདོད་སྦོམ་ཡོད་མི་ལུ་བརྟེན་ ནག་ཚོང་དང་ ཚུལ་མིན་ཚོང་འབྲེལ་ དེ་ལས་ ནང་འདྲེན་ཡར་སེང་འགྱོ་དོ་ཡོདཔ་ད་ དཀའ་ངལ་འདི་ སེལ་ཐབས་འབད་དགོ་པ་ཅིན་ བཀྲམ་སྤེལ་རྒྱུན་ལམ་དེ་ར་ བཀག་ཐབས་འབད་དགོཔ་འདུག།
དེ་མ་ཚད་ ཏམ་ཁུའི་ལག་ལེན་དང་འབྲེལ་བའི་ གནོད་ཉེན་ཚུ་གི་སྐོར་ལས་ མི་མང་འཕྲོད་བསྟེན་ཤེས་ཡོན་བྱིན་ནི་དེ་ཡང་ ཉུང་སུ་ཅིག་སྦེ་ མཐོངམ་ཨིན་མས།
གསོ་བའི་ལྷན་ཁག་གིས་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་སྟེ་འབད་རུང་ ཏམ་ཁུ་འཐུང་མིའི་གྱངས་ཁ་ ཡར་སེང་འགྱོ་བཞིན་དུ་ཡོད་མི་དེ་ཡང་ མི་མང་ལུ་ བརྡ་འཕྲིན་ལེགས་ཤོམ་སྦེ་ འཕྲོད་མ་ཚུགསཔ་ཨིན་ན་ ཡང་ཅིན་ ཏམ་ཁུའི་ལག་ལེན་ཚད་འཛན་འབད་ནི་ལུ་ ཐབས་ལམ་སྒྲིང་སྒྲི་ཅིག་ བཏོན་མ་ཚུགས་པའི་སྐྱོན་ཨིན་མས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ཏམ་ཁུ་འཐུང་མིའི་གྲས་ལས་ མང་ཤོས་ར་ ན་གཞོན་ཚུ་ཨིནམ་ལས་བརྟེན་ དཀའ་ངལ་འདི་ སེལ་ཐབས་འབད་མ་ཚུགས་ཚུན་ རྒྱལ་ཁབ་ནང་ ཏམ་ཁུ་སྤྱོད་མིའི་ཚད་གཞི་དེ་ འཕྲོ་མཐུད་དེ་ར་ ཡར་སེང་འགྱོ་ནི་ཨིན་པའི་ གདོང་ལེན་འབྱུང་ནི་ཨིན་མས།
ཏམ་ཁུའི་གདོང་ལེན་དེ་ ཁྲིམས་དང་ བཀག་དམ་རྐྱངམ་གཅིག་གིས་ འབད་མི་ཚུགས་ནི་ཨིནམ་ལས་ བཀྲམ་སྤེལ་དང་ མཁོ་མངགས་གཉིས་ཆ་ར་ སེལ་ཐབས་འབད་ཚུགས་པའི་ ཐབས་ལམ་ཡོངས་རྫོགས་ཅིག་ ངེས་པར་དུ་ བཏོན་དགོཔ་འདུག།
ན་གཞོན་ཚུ་གི་དོན་ལུ་ ཤེས་ཡོན་གོ་བརྡའི་ལས་རིམ་ཚུ་ རྩ་བརྟན་བཟོ་ནི་དང་ ད་ལྟོ་ཡོད་མི་ ཁྲིམས་དང་སྒྲིག་གཞི་ཚུ་གི་ ལག་ལེན་ལེགས་བཅོས་འབད་ནི་ དེ་ལས་ ཏམ་ཁུ་བཅད་དགོ་མནོ་མི་ཚུ་གི་དོན་ལུ་ རྒྱབ་སྐྱོར་འབད་ནི་ཚུ་ དགོས་མཁོའི་ཐབས་ལམ་ཨིནམ་ལས་ ངེས་བརྟན་བཏོན་དགོཔ་འདུག།