དཔལ་འབྱོར་ཡར་དྲག་ཐོག་ལས་ དོན་སྨིན་ལཱ་གཡོག་བཟོ་དགོཔ།
༉ སྤྱི་ལོ་༢༠༢༤-༢༥ འི་ འཆར་དངུལ་སྙན་ཞུ་དང་འཁྲིལཝ་ད་ འབྲུག་གི་ དཔལ་འབྱོར་ཡར་འཕར་ཚད་གཞི་དེ་ སང་ཕོད་ཀྱི་ལོ་ནང་ བརྒྱ་ཆ་༨.༩ ལུ་ ལྷོད་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་པས།
དེ་ཡང་ གཙོ་བོ་ར་ སྤུ་ན་གཙང་ཆུ་༢ པའི་ ལག་ལེན་འགོ་བཙུགས་དང་ བཟོ་སྐྲུན་ལས་སྡེའི་ལེགས་སྒྱུར་ དེ་ལས་ ལྟ་བཤལ་དང་འབྲེལ་བའི་བཟོ་གྲྭ་ཚུ་ བསྐྱར་གསོ་འབད་ནིའི་ ལས་འཆར་ཡོད་མི་དང་བསྟུན་ཨིན་མས།
ཨིན་རུང་ དཔལ་འབྱོར་ཡར་འཕར་གྱི་ དམིགས་གཏད་བསྐྱེད་མི་དེ་ ད་ལྟོ་ ང་བཅས་རའི་ རྒྱལ་ཁབ་ནང་ དོ་འགྲན་མང་རབས་ཅིག་བྱུང་སྟེ་ཡོད་མི་ཚུ་ སེལ་ཐབས་འབད་ནིའི་དོན་ལུ་ ལཱ་གཡོག་གི་ གོ་སྐབས་གང་མང་བཟོ་ནི་ལས་ལྷག་པའི་ ཐབས་ལམ་ཚུ་བཏོན་དགོཔ་འདུག།
སྙན་ཞུའི་ནང་ གཞུང་གིས་ དཔལ་འབྱོར་ལྷན་ཐབས་ལས་རིམ་བཟུམ་མའི་ ཐབས་བྱུས་བཏོན་མི་དེ་གིས་ དཔལ་འབྱོར་ཡར་འཕར་གཏང་ནི་ལུ་ ལྷག་པར་དུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་མས།
རྩིས་ལོ་༢༠༢༤-༢༥ འི་དོན་ལུ་ གཞུང་གིས་ དངུལ་ཀྲམ་ཐེར་འབུམ་༩༧.༦༣ བགོ་བཀྲམ་འབད་མི་དེ་ འཆར་གཞི་༡༣ པའི་ ལོ་ངོ་དང་པའི་དོན་ལུ་ཨིནམ་ད་ དཔལ་འབྱོར་ལྷན་ཐབས་ལས་རིམ་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡༥ བཞག་མི་ལས་ གཞུང་གིས་ གོ་རིམ་དང་པའི་ དངུལ་ཀྲམ་ཐེར་འབུམ་༢.༥ བགོ་བཀྲམ་འབད་དགོཔ་ཡོདཔ་ད་ སོ་ནམ་ལས་སྡེའི་ནང་ སྤྱི་ལོ་༢༠༢༤ དང་༢༠༢༥ གི་བར་ན་ ཡར་འཕར་བརྒྱ་ཆ་༥ ལྷོད་ཚུགས་པའི་ དམིགས་གཏད་བསྐྱེདཔ་ཨིན་མས།
དཔལ་འབྱོར་ཡར་འཕར་འགྱོ་མི་དང་བསྟུན་ མཐའན་མཇུག་ཁར་ མི་སེར་ཚུ་གི་ འཚོ་བའི་གནས་སྟངས་ནང་ ལེགས་བཅོས་འབད་དགོཔ་ད་ ལཱ་གཡོག་གི་ གོ་སྐབས་མེད་མི་དེ་གིས་ དཔེ་འབད་བ་ཅིན་ སོ་ནམ་ཐོན་སྐྱེད་མར་འབབ་འགྱོ་ནི་དང་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འགྱོ་ནི་ དེ་ལས་ ཕྱི་ཁར་གནས་སྤོ་འགྱོ་བའི་ དཀའ་ངལ་ཚབས་ཆེན་ཚུ་ བྱུངམ་ཨིན་མས།
རིག་རྩལ་ཅན་གྱི་ ན་གཞོན་ཚུ་གིས་ ལཱ་གཡོག་གི་གོ་སྐབས་འཚོལ་ནིའི་དོན་ལུ་ རྒྱལ་ཁབ་ཕྱི་ཁར་ འགྱོ་མི་དེ་གིས་ ང་བཅས་རའི་ མི་སྟོབས་མར་ཉམས་འགྱོ་བ་གིས་མ་ཚད་ ང་བཅས་རའི་ རྒྱལ་ཁབ་ཀྱི་ མ་འོངས་གོང་འཕེལ་ལུ་ཡང་ གནོད་ཉེན་ཡོདཔ་ཨིན་མས།
དཔལ་འབྱོར་གོང་འཕེལ་ལུ་བརྟེན་པའི་ ཁེ་ཕན་བཟོ་ནིའི་དོན་ལུ་ དོན་སྨིན་ཅན་དང་ ཡུན་བརྟན་ཅན་གྱི་ ལཱ་གཡོག་བཟོ་ནི་ལུ་ དམིགས་གཏད་བསྐྱེད་དགོཔ་འདུག།
བཟོ་སྐྲུན་ལས་སྡེའི་ནང་ ལེགས་བཅོས་འབད་མི་དེ་གིས་ ལཱ་གཡོག་གི་ གོ་སྐབས་བཟོ་ཚུགས་ནི་ཨིནམ་ལས་ ལས་མི་འབོར་ཆེ་དྲགས་སྦེ་ བཙུགས་ཚུགས་པའི་ཁར་ ལག་ཤེས་དང་རིག་རྩལ་སྦྱོང་བརྡར་ཡང་ རྒྱ་སྐྱེད་འབད་ཚུགས་ནི་ཨིན་མས།
ལྟ་བཤལ་བཟུམ་ཅིག་འབད་རུང་ ལཱ་གཡོག་གི་གོ་སྐབས་ གང་མང་བཟོ་ཚུགས་ནིའི་ འོས་འབབ་ཡོདཔ་ད་ འདི་གི་དོན་ལུ་ ཞབས་ཏོག་དང་ ཐོན་སྐྱེད་གོང་འཕེལ་ནང་ གཙོ་རིམ་བཟུང་དགོཔ་ད་ ན་གཞོན་ཚུ་ལུ་ དགོས་མཁོའི་རིག་རྩལ་ཚུ་ བྱིན་ཚུགས་པ་ཅིན་ ཁོང་གིས་ རྒྱལ་ཁབ་ཡར་འཐོན་ནང་ འགན་ཁུར་གསརཔ་འབག་སྟེ་ ཕན་འདེབས་འབད་ཚུགས།
སོ་ནམ་ལས་སྡེའི་ཐད་ཁར་ དོ་འགྲན་བྱུང་སྟེ་འབད་རུང་ ང་བཅས་རའི་ དཔལ་འབྱོར་གྱི་དོན་ལུ་ གལ་ཆེ་དྲགས་ཅིག་ཨིནམ་ད་ ལས་སྡེ་འདི་ནང་ གོང་འཕེལ་བརྒྱ་ཆ་༥ འི་ དམིགས་གཏད་བསྐྱེད་མི་དེ་གིས་ སོ་ནམ་པ་ཚུ་གི་དོན་ལུ་ ངེས་པར་དུ་ མིག་མཐོང་ཁེ་ཕན་ཚུ་ འབྱུང་བཅུག་དགོཔ་ད་ དེ་ཡང་ ཚོང་ལམ་ལེགས་བཅོས་འབད་ནི་དང་ མཐུན་རྐྱེན་ལེགས་ཤོམ་བྱིན་ནི་ དེ་ལས་ དེང་སང་གི་ སོ་ནམ་ཅ་ཆས་ཚུ་ འགོ་བཙུགས་ནི་དེ་ཨིན་མས།
སོ་ནམ་ལས་སྡེ་དེ་ འཚོ་བའི་གནས་སྟངས་དོན་ལུ་ གདམ་ཁ་ལེགས་ཤོམ་དང་ ཕན་ནུས་ཅན་སྦེ་ བཟོ་ཚུགས་པ་ཅིན་ ང་བཅས་ཀྱིས་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འགྱོ་ནི་དེ་ མར་ཕབ་རྐྱབ་ཚུགས་པའི་ཁར་ མཐའ་ཟུར་གྱི་མི་སྡེ་ཚུ་ རང་སྡོད་སར་ བག་ཆགས་ཏོག་ཏོ་སྦེ་ བཟོ་ཚུགས།
ལཱ་གཡོག་མེད་པའི་གནད་དོན་དང་ གྲོང་གསེབ་ཚུ་ནང་ མི་རློབས་མར་ཉམས་འགྱོ་མི་ དེ་ལས་ རྒྱལ་ཁབ་ཕྱི་ཁར་འགྱོ་མིའི་ དཀའ་ངལ་ཚུ་ སེལ་ཐབས་འབད་ནིའི་དོན་ལུ་ ལཱ་གཡོག་བཟོ་ནིའི་ ཐབས་བྱུས་དང་གཅིག་ཁར་ དཔལ་འབྱོར་ཡར་འཕར་གཏང་ནིའི་ གཅིག་སྒྲིལ་ཐབས་ལམ་ཚུ་ ངེས་པར་དུ་ བཏོན་དགོཔ་འདུག།