༉ འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་གྱིས་ སྣུམ་འཁོར་གྱི་ཉེན་བཅོལ་འབད་དགོཔ་སྦེ་ བཟོ་མི་དེ་གིས་ མི་སྡེ་བརྡ་བརྒྱུད་ནང་ རྩོད་འགྲན་ཚབས་ཆེན་འབད་ཡོདཔ་མ་ཚད་ མི་སེར་ནང་འཁོད་ལུ་ ངོས་ལེན་མ་འདྲཝ་ཚུ་ བྱུང་ཡོདཔ་ཨིན་པས།
འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་ལས་ འགོ་དཔོན་ཅིག་གིས་ བཤད་མིའི་ནང་ སྣུམ་འཁོར་གྱི་ཉེན་བཅོལ་དེ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་བཅའ་ཁྲིམས་༡༩༩༩ ཅན་མ་ འགོ་བཙུགསཔ་ལས་ཚུར་ ལག་ལེན་འཐབ་སྟེ་འདུག་ཟེར་ཨིན་པས།
བཅའ་ཁྲིམས་ཀྱི་དོན་ཚན་༥༠(༡) པ་དང་འཁྲིལཝ་ད་ སྣུམ་འཁོར་གྱི་ཇོ་བདག་ཚུ་གིས་ མི་མང་གི་ལམ་ཁར་ སྣུམ་འཁོར་གཏང་ནིའི་དོན་ལུ་ ཡོངས་ཁྱབ་དང་ ཡང་ཅིན་ ཐཱཌ་པར་ཊི་ཉེན་བཅོལ་འབད་དགོཔ་ཨིན་པས།
ཁྲིམས་ཀྱི་དམིགས་གཏད་དེ་ཡང་ འགན་འཁྲི་འབག་ནི་དང་ རྐྱེན་ངན་ལུ་བརྟེན་པའི་ ཉམས་རྒུདཔ་ཚུ་ ཉེན་སྲུང་འབད་ནི་ དེ་ལས་ རྐྱེན་ངན་བྱུང་བའི་སྐབས་ སྣུམ་འཁོར་གྱི་ཇོ་བདག་ཚུ་ལུ་ དངུལ་འབྲེལ་གྱི་ ཆ་རོགས་འབད་ནིའི་དོན་ལུ་ཨིན་ཟེར་ འགོ་དཔོན་དེ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དགོས་མཁོ་ཅན་གྱི་ཉེན་བཅོལ་ཁྲིམས་ལུགས་དེ་ འཛམ་གླིང་ནང་ ཡོངས་གྲགས་ཅན་ཅིག་ཨིན་རུང་ རྒྱལ་ཁབ་སོ་སོའི་ དགོས་མཁོ་ཚུ་ མ་འདྲཝ་སྦེ་ཡོད་ཟེར་ཨིན་པས།
སྣུམ་འཁོར་གྱི་ཇོ་བདག་ ཨོ་རྒྱན་གྱིས་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ ཁོ་རའི་སྣུམ་འཁོར་ལུ་ ལོ་༥ འི་རིང་ལུ་ ཉེན་བཅོལ་འབད་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ འཕྲལ་འཕྲལ་ར་ ཉེན་བཅོལ་གྱི་གནས་སྟངས་ཚུ་ ལེགས་ཤོམ་སྦེ་ བལྟ་མི་བཏུབ་པས་ཟེར་ཨིནམ་ད་ རྐྱེན་ངན་ཚུ་གི་དོན་ལུ་ ཉེན་བཅོལ་ཐོབ་བརྗོད་བཀོད་ནིའི་ཚབ་ རང་གིས་ བཅོ་ཁ་རྐྱབ་དགོ་པས་ཟེར་ཨིནམ་ད་ དཔེར་ན་ ག་དེམ་ཅིག་སྦེ་ གནོད་སྐྱོན་དེ་ འགྱིབ་ཀྱི་ཡན་ལག་ཚུ་ནང་ འབྱུང་པ་ཅིན་ །ཉེན་བཅོལ་མི་ཐོབ་དོ་ཡོདཔ་ད་ མ་གཞི་ ང་བཅས་ཀྱིས་ སྣུམ་འཁོར་གྱི་ཡན་ལག་ཚུ་རྐྱངམ་གཅིག་མེན་པར་ སྣུམ་འཁོར་ཧྲིལ་བུམ་གྱི་ ཉེན་བཅོལ་འབདཝ་ཨིན་ཟེར་ཨིན་པས།
སྣུམ་འཁོར་གྱི་ ཇོ་བདག་གཞན་ ཚེ་རིང་གིས་ སླབ་མིའི་ནང་ སྣུམ་འཁོར་གྱི་ ཉེན་བཅོལ་འབད་ནི་དེ་ རང་གི་ གདམ་ཁ་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ངོ་རྐྱང་ལུ་ ཕན་ཐོགས་མེདཔ་ལས་ ཉེན་བཅོལ་ལས་སྡེ་ལུ་ ཞལ་འདེབས་བྱིན་དོ་བཟུམ་སྦེ་ མཐོངམ་མས་ཟེར་ཨིན་པས།
རིག་འཛིན་གྱིས་ སླབ་མིའི་ནང་ ཉེན་བཅོལ་གྱི་ དབྱེ་ཁག་གཅིག་དགོཔ་དེ་ ཁག་ཆེ་བས་ཟེར་ཨིནམ་ད་ རྐྱེན་ངན་ནམ་འབྱུང་འོང་ག་ སླབ་མི་ཤེས་ནི་ཨིན་རུང་ ཉེན་བཅོལ་ལས་སྡེ་ཚུ་གིས་ སྣུམ་འཁོར་བཅོ་ཁང་ཚུ་ནང་ བཅོ་ཁ་རྐྱབ་ནི་ལུ་ བཀག་རྐྱབ་མི་དེ་ དབུགས་འགམ་སི་སི་ཅིག་ཨིནམ་ལས་ སྣུམ་འཁོར་གྱི་ཇོ་བདག་ཚུ་ སེམས་ཤུགས་མེདཔ་བཟོ་དོ་ཡོདཔ་ཨིན་པས།
འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་གྱིས་ མི་མང་གི་ཚ་གྱང་ལུ་ ངོས་ལེན་འབད་དེ་ བཤད་མིའི་ནང་ འགོ་ཐོག་ལུ་ ཉེན་བཅོལ་མ་འབད་མི་ སྣུམ་འཁོར་ཚུ་ ལམ་འགྲུལ་བརྟག་ཞིབ་འབད་བའི་སྐབས་ ཉེས་བྱ་བཀལ་དོ་ཡོདཔ་ད་ ད་རེས་ནངས་པར་ ཉེན་བཅོལ་དེ་ སྣུམ་འཁོར་བསྐྱར་གསོ་འབད་བའི་སྐབས་ བདེན་དཔྱད་འབད་དོ་ཡོདཔ་ལས་ མི་ལ་ལུ་ཅིག་གིས་ བསྟར་སྤྱོད་ལམ་ལུགས་གསརཔ་ཅིག་སྦེ་ མནོ་བསམ་བཏང་དོ་ཡོདཔ་ཨིན་པས།
མ་གཞི་ མི་མང་ཤོས་ཅིག་གིས་ སྒྲིག་གཞི་དེ་ རྙིངམ་ཅིག་ཨིན་མས་ཟེར་ མནོ་དོ་ཡོདཔ་ཨིན་རུང་ འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་ལས་ འགོ་དཔོན་ཅིག་གིས་ ཁག་ཆེ་བའི་སྐོར་ལས་ བཤད་མིིའི་ནང་ དམིགས་བསལ་དུ་ སྣུམ་འཁོར་གྱི་གྱངས་ཁ་ ཡར་འཕར་འགྱོ་མི་དང་ དེ་དང་འབྲེལ་བའི་ཉེན་ཁ་ཚུ་ལུ་བལྟ་བ་ཅིན་ སྒྲིག་གཞི་དེ་ འོས་འབབ་ཡོད་ཟེར་ཨིན་པས།
བཱསི་དང་ གླ་འཁོར་བཟུམ་གྱི་ ཚོང་འབྲེལ་སྣུམ་འཁོར་ཚུ་གི་དོན་ལུ་ འགྲུལ་པ་སྐྱེལ་འདྲེན་འབད་མི་ལུ་བརྟེན་ ཉེན་ཁ་སྦོམ་ཡོད་ནི་དེ་གིས་ ཉེན་བཅོལ་དེ་ ཡོངས་ཁྱབ་ཉེན་བཅོལ་འབད་དགོཔ་ད་ སྒེར་གྱི་སྣུམ་འཁོར་གྱི་དོན་ལུ་ ཇོ་བདག་ཚུ་གིས་ གདམ་ཁ་རྐྱབ་ཆོག་ནི་ཨིན་པས།
འགོ་དཔོན་ཅིག་གིས་ བཤད་མིའི་ནང་ སྣུམ་འཁོར་གྱི་ཉེན་བཅོལ་དེ་ རྒྱལ་སྤྱིའི་གནས་ཚད་དང་མཐུནམ་སྦེ་ བཟོ་སྟེ་ཡོད་ཟེར་ཨིནམ་ད་ དཔེར་ན་ སྣུམ་འཁོར་གཏང་མ་བཏུབ་ཐལ་བ་ཅིན་ ཉེན་བཅོལ་གྱི་ དགོས་མཁོ་མེད་ཟེར་ཨིན་པས།
ཨིན་རུང་ མི་མང་གི་ལམ་བདའ་སྟེ་ སྣུམ་འཁོར་བཏང་མི་དེ་གིས་ མི་གསུམ་པ་ལུ་ གནོད་སྐྱོན་རྐྱབ་ནི་དང་ མི་མང་གི་རྒྱུ་དངོས་ཚུ་ལུ་ གནོད་སྐྱོན་རྐྱབ་ནི་ཚུ་ འབྱུང་དོ་ཡོདཔ་ལས་ ཉེན་བཅོལ་ལས་རིམ་གྱིས་ དེ་བཟུམ་མའི་ ཟད་འགྲོ་ཚུ་བྱིན་ཚུགས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
དབང་འཛིན་གྱིས་ ཚེ་སྲོག་ཉེན་བཅོལ་དང་ སྣུམ་འཁོར་ཉེན་བཅོལ་གྱི་བར་ན་ ཁྱད་པར་ཚུ་ བཤད་ཡོདཔ་ད་ ཚེ་སྲོག་ཉེན་བཅོལ་དེ་ གདམ་ཁ་ཅན་ཅིག་ཨིནམ་ད་ སྣུམ་འཁོར་ཚུ་ འཕྲུལ་ཆས་ཅིག་ཨིནམ་ལས་ ནམ་རང་འབད་རུང་ རྐྱེན་ངན་འབྱུང་སྲིད་ནི་ཨིནམ་ལས་ ཉེན་བཅོལ་འབད་དགོཔ་དེ་ ཁག་ཆེ་ཟེར་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་གྱིས་ ཉེན་བཅོལ་ལག་ཁྱེར་ཚུ་ བསྐྱར་གསོ་འབད་བའི་སྐབས་ བདེན་དཔྱད་འབད་དོ་ཡོདཔ་ད་ དུས་ཡུན་ཚང་བའི་ སྲིད་བྱུས་ཚུ་ རང་བཞིན་གྱིས་ བརྟག་ཞིབ་འབད་ནིའི་ལམ་ལུགས་མེདཔ་ཨིན་པས།
དབང་འཛིན་གྱིས་ སླབ་མིའི་ནང་ ཁོང་གི་དམིགས་གཏད་དེ་ མི་ཚུ་ལུ་ ཉེས་ཁྲིམས་བཀལ་ནི་མེན་པར་ མི་མང་ལུ་ ཉེན་སྲུང་གི་ཐབས་ལམ་དང་ ཁྲིམས་ལུགས་ཚུ་ ཤེས་རྟོགས་བཟོ་ནི་དེ་ ཨིན་ཟེར་ཨིན་པས།
སྤྱི་ཟླ་༡༠པའི་ཚེས་༣༡ ཚུན་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་ལུ་ དངུལ་ཀྲམ་ས་ཡ་༢༨༣ གནས་པའི་ ཉེན་སྐྱོབ་སྲིད་བྱུས་ལག་ལེན་འཐབ་མི་༤༢,༠༠༠ཡོདཔ་ཨིན་པས།
ད་རེས་ འབྲུག་ཉེན་བཅོལ་ཚད་ལུ་ སྤྱི་ཟླ་༡༡ པའི་ཚེས་༣༠ཚུན་ སྲིད་བྱུས་ལག་ལེན་འཐབ་མི་༡༧,༥༠༥ ཡོདཔ་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།