༉ སྤྱི་ཟླ་༨ པའི་ཚེས་༡༨ ལས་ སྣུམ་འཁོར་གྱི་ ནང་འདྲེན་བཀག་དམ་ ཡངས་ཆག་གཏང་ནིའི་ ལས་རིམ་ཡོད་རུང་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་འཁྲིལ་བ་ཅིན་ འབྲུག་གི་ འཁོར་ལམ་གཞི་རྟེན་དང་ སྣུམ་འཁོར་ཐོགས་ལུས་ཀྱི་ གནས་སྟངས་བལྟ་ནིའི་དོན་ལུ་ ལྷག་པར་དུ་ བརྟག་ཞིབ་འབད་དགོཔ་འདུག་ཟེར་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༦ ལུ་ བརྡ་བརྒྱུད་ཀྱི་ཞལ་འཛོམས་ནང་ བློན་ཆེན་གྱིས་ བཀོད་མིའི་ནང་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་གིས་ ཐིམ་ཕུག་ལུ་ སྣུམ་འཁོར་གྱི་ གྱངས་ཁ་བརྟག་ཞིབ་འབད་དེ་ སྙན་ཞུ་ཚུ་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་ཡོད་རུང་ ད་རུང་ དབྱེ་ཞིབ་ཡོངས་རྫོགས་ཅིག་ འགོ་འདྲེན་འཐབ་དགོཔ་ དགོས་མཁོ་ཅན་འདུག་ཟེར་ཨིན་པས།
བློན་ཆེན་གྱིས་ དབྱེ་ཞིབ་ཡོངས་རྫོགས་འབད་ནི་དེ་ དགོས་མཁོ་ཅན་ཅིག་ཨིན་མི་དེ་ཡང་ འཁོར་ལམ་གྱི་ཤོང་ཚད་དང་ སྣུམ་འཁོར་ཐོགས་ལུས་ དེ་ལས་ མི་མང་སྐྱེལ་འདྲེན་གྱི་ ཕན་ནུས་ཚུ་ བལྟ་དགོཔ་ཡོད་མི་ལུ་བརྟེན་ཨིན་པས།
བློན་ཆེན་གྱིས་ འཆར་གཞི་ལེགས་ཤོམ་དང་ དམིགས་བསལ་དུ་ ཐིམ་ཕུག་ཁྲོམ་སྡེའི་ནང་ སྣུམ་འཁོར་གྱི་གྱངས་ཁ་ཡར་སེང་ དེ་ལས་ ཁྲོམ་སྡེ་གཞི་རྟེན་མཐུན་རྐྱེན་ཚུ་མ་བལྟ་བར་ སྣུམ་འཁོར་གྱི་ནང་འདྲེན་ ཡངས་ཆག་གཏང་པ་ཅིན་ སྟབས་མ་བདེཝ་འཐོན་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཐིམ་ཕུག་ལུ་སྡོད་མི་ཚུ་ སྣུམ་འཁོར་ནང་འདྲེན་འབད་ནི་ལས་ བཀག་ཆ་མེད་རུང་ ཡངས་ཆག་མ་གཏང་པའི་ཧེ་མར་ ལེགས་ཤོམ་སྦེ་ བརྟག་ཞིབ་འབད་དགོཔ་དེ་ གལ་ཆེ་བས་ཟེར་ཨིན་པས།
བློན་ཆེན་གྱིས་ བཀོད་མིའི་ནང་ སྣུམ་འཁོར་ཡོངས་བསྡོམས་༡༢༧,༠༠༠ ཡོད་མི་ལས་ ཐིམ་ཕུག་ཁྲོམ་སྡེ་ནང་ར་ སྣུམ་འཁོར་༦༠,༠༠ ཡོདཔ་ལས་ དམིགས་བསལ་དུ་ སློབ་ཕྲུག་དང་ ཡིག་ཚང་མཇུག་བསྡུ་བའི་སྐབས་ སྣུམ་འཁོར་ཐོགས་ལུས་ཀྱི་ དཀའ་ངལ་སྦོམ་སྦེ་ར་ཐོན་ཏེ་ ཞབས་ཏོག་སྐྱེལ་སྤྲོད་འབད་ནི་ལུ་ ཐོ་ཕོག་ནི་མས་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ད་རེས་ རྒྱལ་ཁབ་ནང་ མི་རློབས་དང་ སྣུམ་འཁོར་བར་ནའི་ཆ་ཚད་དེ་ མི་༥ ལུ་ སྣུམ་འཁོར་རེ་ཡོདཔ་ལས་ གལ་སྲིད་ འཆར་གཞི་ལེགས་ཤོམ་ཅིག་ མ་བརྩམ་པར་ སྣུམ་འཁོར་ནང་འདྲེན་ཡངས་ཆག་གཏང་པ་ཅིན་ མི་ངོམ་༢ ལུ་ སྣུམ་འཁོར་རེ་ འོང་ནི་མས་ཟེར་ཨིན་པས།
བློན་ཆེན་གྱིས་ བཀོད་མིའི་ནང་ དབྱེ་ཞིབ་དེ་ གལ་ཅན་ཅིག་ཨིན་མི་དེ་ཡང་ སྣུམ་འཁོར་ནང་འདྲེན་དེ་ ཚར་གཅིག་ ཡངས་ཆག་གཏང་པའི་བསྒང་ལས་ སྣུམ་འཁོར་མཁོ་སྒྲུབ་འབད་མི་ ཡར་སེང་དང་ དེ་དང་འབྲེལ་བའི་ གདོང་ལེན་དང་ སྣུམ་འཁོར་ཐོགས་ལུས་ཀྱི་ དཀའ་ངལ་ཚུ་ འབྱུང་འོང་ཟེར་ཨིན་པས།
སྣུམ་འཁོར་ཐོགས་ལུས་མེད་པར་ རྒྱུན་འགྲུལ་དང་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་དང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ དེ་ལས་ ཐིམ་ཕུག་ཁྲོམ་སྡེ་ཚུ་ མཉམ་འབྲེལ་ཐོག་ལས་ ཐབས་ལམ་ཚུ་ བཏོན་དོ་ཡོདཔ་ཨིན་པས།
གདམ་ཁ་ཅན་སྦེ་ སྣུམ་འཁོར་གྱི་ ནང་འདྲེན་བཀག་ཆ་ཡང་ སྐྱེལ་འདྲེན་གྱི་སྐྱིན་འགྲུལ་ ཚད་ལས་བརྒལ་ཏེ་ཡོད་མི་དང་ ཕྱི་དངུལ་ཟུར་གསོག་མར་བབས་སོང་མི་ལུ་བརྟེན་ གཞུང་གིས་ སྤྱི་ལོ་༢༠༢༢ ཟླ་༨ པ་ལས་ སྣུམ་འཁོར་གྱི་ནང་འདྲེན་ བཀག་ཆ་འབད་ནུག།
དུས་ཅི་ སྤྱི་ཟླ་༢ པའི་ནང་འཁོད་ལུ་ སྐྱིན་འགྲུལ་དངུལ་ཀྲམ་ཐེར་འབུམ་༧.༦༨ ཡོདཔ་ཨིན་པས།
སྣུམ་འཁོར་ནང་འདྲེན་ བཀག་ཆ་འབད་མི་ལུ་བརྟེན་ འབྲུག་གིས་ ལོ་བསྟར་བཞིན་དུ་ ཕྱི་དངུལ་ཟུར་གསོག་དངུལ་ཀྲམ་ཐེར་འབུམ་༥.༣ འབད་དོ་ཡོདཔ་ཨིན་པས།
ན་ཧིང་ འབྲུག་གིས་ དངུལ་ཀྲམ་ས་ཡ་༩༢༦.༠༩ གནས་པའི་ སྣུམ་འཁོར་ནང་འདྲེན་འབད་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༢༢ ལུ་འབད་བ་ཅིན་ དངུལ་ཀྲམ་ཐེར་འབུམ་༣.༢ གནས་པའི་ སྣུམ་འཁོར་ནང་འདྲེན་འཐབ་མི་འབདཝ་ད་ བརྒྱ་ཆ་༧༡ དེ་ཅིག་ མར་བབས་སོང་ནུག།
དེ་ལས་ སྤྱི་ལོ་༢༠༢༡ ལུ་ དངུལ་ཀྲམ་ཐེར་འབུམ་༤.༧༢ གནས་པའི་ སྣུམ་འཁོར་ནང་འདྲེན་འབད་ཡོདཔ་ད་ དེ་ཡང་ འགྲུལ་པ་འབག་མི་སྣུམ་འཁོར་དང་ སྐྱེལ་འདྲེན་སྣུམ་འཁོར་ དོ་འབག་མི་སྣུམ་འཁོར་ དེ་ལས་ བག་བག་ཚུ་བརྩིས་ཏེ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ཟླ་རིམ་གྱི་སྙན་ཞུ་འཁྲིལ་བ་ཅིན་ དུས་ཅི་ སྤྱི་ཟླ་༥ པའི་ནང་འཁོད་ལུ་ རྒྱལ་ཁབ་ཀྱི་ ཕྱི་དངུལ་གསོག་འཇོག་ཡོངས་བསྡོམས་ ཡུ་ཨེསི་ཌི་ས་ཡ་༥༩༦.༨༦ དང་ ན་ཧིང་འབད་བ་ཅིན་ ཕྱི་དངུལ་གསོག་འཇོག་ཡོངས་བསྡོམས་ ཡུ་ཨེསི་ཌི་ས་ཡ་༥༤༩.༠༨ འབད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།