༉ ཆེ་མཐོ་ཁྲིམས་འདུན་གྱིས་ འཕྲལ་ཁམས་ཅིག་ཁར་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་ལུ་ སྣུམ་འཁོར་ཊོ་ཡོ་ཊ་ཕོར་ཅུ་ནར་ཉོ་མིའི་ རིན་གོང་དངུལ་ཀྲམ་ས་ཡ་༤.༧ དང་ སྐྱེད་བརྒྱ་ཆ་༡༢ རེ་རྩིས་རྐྱབ་སྟེ་ འབྲུག་ཚོང་འབྲེལ་ལས་འཛིན་ལུ་ སྤྲོད་དགོཔ་སྦེ་ བཀའ་རྒྱ་གནང་ཡོདཔ་ཨིན་རུང་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་གྱིས་ དོགས་སེལ་འབད་མིའི་ནང་ སྣུམ་འཁོར་དེ་ ཡིག་ཚང་གི་ལག་ལེན་དོན་ལུ་ ཉོ་ཡོདཔ་མ་གཏོགས་ སྒེར་དོན་ལུ་མེན་ཟེར་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ སྣུམ་འཁོར་དེ་ ཉོ་ཡོདཔ་ཨིན་རུང་ རྩོད་གཞི་ ངོ་རྐྱང་གུ་ལུ་བཙུགས་མི་དེ་ དྲང་བདེན་མེན་ཟེར་ཨིནམ་ད་ ཁག་འབག་འགན་ཡིག་དེ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་དང་ འབྲུག་ཚོང་འབྲེལ་ལས་འཛིན་གཉིས་ཀྱི་བར་ན་ བཟོ་ཡོདཔ་མ་གཏོགས་ ང་དང་ ལས་འཛིན་གྱི་བར་ན་ བཟོ་བཟོཝ་མེན་ཟེར་ གཙོ་འཛིན་རྟ་མགྲིན་དབང་ཕྱུག་གིས་ དོགས་སེལ་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༣ ཟླ་༡༠ པའི་ནང་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ སྣུམ་འཁོར་ཊོ་ཡོ་ཊ་ཕོར་ཅུ་ནར་དེ་ ཁྲལ་ཡངས་ཆག་གི་ཡིག་ཆ་ཚུ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་ལས་ ཞུ་ཐོག་ལས་ འབྲུག་ཚོང་འབྲེལ་ལས་འཛིན་ལས་ ཉོ་འདྲེན་འབད་ནུག་ཟེར་ཨིན་པས།
འདི་བཟུམ་གྱི་ གན་འཛིན་ཐོག་ལུ་སྦེ་ འབྲུག་ཚོང་འབྲེལ་དང་ བཟོ་གྲྭ་ཡིག་ཚང་གིས་ སྣུམ་འཁོར་གོང་ཚད་ དངུལ་ཀྲམ་ས་ཡ་༦.༢ འབད་མི་དེ་ དངུལ་ཀྲམ་ས་ཡ་༢ ཕབ་ཆག་ཐོག་ མཁོ་སྒྲུབ་འབད་ནུག་ཟེར་ཨིན་པས།
ཁྲལ་ཕབ་ཆག་གི་ཐོག་ལུ་འབད་བ་ཅིན་ སྣུམ་འཁོར་དེ་ གོང་ཚད་དངུལ་ཀྲམ་ས་ཡ་༤.༣ ཨིནམ་ད་ གལ་སྲིད་ ཁྲལ་ཕབ་ཆག་མེད་པ་ཅིན་ གོང་ཚད་དངུལ་ཀྲམ་ཡ་ས་༦.༢ གནས་དོ་ཡོདཔ་ཨིན་པས།
འབྲུག་ཚོང་འབྲེལ་ལས་འཛིན་གྱིས་ ཁྲལ་ཕབ་ཆག་གི་ཡིག་ཆ་ཚུ་ དངུལ་རྩིས་ལྷན་ཁག་ལུ་ ཕུལ་བའི་སྐབས་སུ་ ལྷན་ཁག་གིས་ གྲོས་གཞི་དེ་ ཆ་མེད་བཏང་ཡོདཔ་ཨིན་པས།
རྟ་མགྲིན་དབང་ཕྱུག་གིས་འབད་བ་ཅིན་ སྣུམ་འཁོར་ཉོ་བའི་སྐབས་སུ་ དངུལ་རྩིས་བློན་པོ་གི་ གན་འཛིན་ངོས་ལེན་ཡིག་ཆ་གུ་ལུ་ གཞི་བཟུང་ཐོག་ མཁོ་སྒྲུབ་འབད་ཡི་ཟེར་ཨིནམ་ད་ བློན་པོ་གི་ཁ་ཐུག་ལས་ ཁྲལ་ཡངས་ཆག་གི་ གནང་བ་ཚུ་གནང་སྟེ་འབད་རུང་ དངུལ་རྩིས་དྲུང་ཆེན་གྱིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་ སྒྲིང་སྒྲི་མེད་པའི་གནད་དོན་ལུ་ གཞི་བཟུང་ཐོག་ ཐེངས་ལེ་ཤ་ཅིག་ར་ ཆ་མེད་བཏང་ཡི་ཟེར་ཨིན་པས།
དངུལ་སྤྲོད་ནི་དེ་ སྤྱི་ལོ་༢༠༢༤ ཟླ་༡ པའི་ནང་ སྤྲོད་མ་ཚུགས་པར་ ལུས་མི་ལུ་བརྟེན་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ སྤྱི་ལོ་༢༠༢༤ ཟླ་༣ པ་ཚུན་ ཕར་འགྱངས་དགོ་ནི་དང་ དེ་གུ་ ཉེས་ཆད་ཚུ་མ་ཕོགཔ་སྦེ་ ཡི་གུ་བཙུགས་ཡོདཔ་ཨིན་རུང་ འབྲུག་ཚོང་འབྲེལ་ལས་འཛིན་གྱིས་ ཕར་འགྱངས་དེ་ ཉིན་གྲངས་༩༠ ལས་བརྒལ་ བྱིན་མ་ཚུགསཔ་སྦེ་ གསལ་བཀོད་འབད་དེ་ཡོདཔ་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ དངུལ་ལྷག་ལུས་སྤྲོད་ནི་ལུ་ བྱ་སྟབས་མ་བདེཝ་བྱུང་སྟེ་ འབྲུག་ཚོང་འབྲེལ་ལས་འཛིན་ལུ་ སྣུམ་འཁོར་དེ་ ལོག་ལེན་ཟེར་བའི་ བདེ་སྒྲིག་འབད་ཡོདཔ་ཨིན་པས།
ང་བཅས་ལུ་ དངུལ་ལྷག་ལུས་སྤྲོད་ནི་གི་ ཐོན་ཁུངས་གཞན་མེདཔ་ལས་ འབྲུག་ཚོང་འབྲེལ་ལས་འཛིན་ལུ་ སྣུམ་འཁོར་དེ་ ལོག་ལེན་གནང་ཟེར་ བདེ་སྒྲིག་འབད་མི་དེ་ཡང་ ང་བཅས་ཀྱིས་ སྣུམ་འཁོར་དེ་ ལཱ་མ་བཀོལ་བར་བཞག་ཡོད་ཟེར་ཨིན་རུང་ འབྲུག་ཚོང་འབྲེལ་ལས་འཛིན་གྱིས་ ཐེངས་གཅིག་བཙོང་ཚར་མི་སྣུམ་འཁོར་ ལོག་ལེན་མི་ཚུགས་ཟེར་ སླབ་ཡོདཔ་ཨིན་པས།
སྣུམ་འཁོར་ཊོ་ཡོ་ཊ་ཕོར་ཅུ་ནར་དེ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ མ་ཉོ་བའི་ཧེ་མར་ ལས་ཚོགས་གཞན་ཅིག་གིས་ ལག་ལེན་འཐབ་སྟེ་ ལོག་སྤྲོད་མི་ཨིནམ་སྦེ་ཡང་ སླབ་ཡོདཔ་ཨིན་པས།
འདི་བཟུམ་གྱི་ རྩོད་གཞི་དེ་ འབྲུག་ཚོང་འབྲེལ་ལས་འཛིན་གྱིས་ དངུལ་སྤྲོད་མ་བཏུབ་པའི་སྐོར་ལས་ འབྲུག་ཚོང་འབྲེལ་དང་ བཟོ་གྲྭ་ཡིག་ཚང་ལུ་ མཐོ་གཏུགས་འབད་བའི་ཤུལ་ལུ་ ཐོན་ཡོདཔ་ཨིན་པས།
ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ འབྲུག་ཚོང་འབྲེལ་ལས་འཛིན་གྱི་ མཐོ་གཏུགས་དེ་ ངོས་ལེན་མ་འབད་བར་ ཆ་མེད་བཏང་ཡོདཔ་ཨིན་རུང་ ཆེ་མཐོ་ཁྲིམས་འདུན་གྱིས་ དངུལ་འབྲེལ་ཞབས་ཏོག་བཅའ་ཁྲིམས་༢༠༡༡ ཅན་མ་དང་བསྟུན་ ངོས་ལེན་འབད་ཡོདཔ་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་གྱིས་ གནད་དོན་འདི་གི་དོན་ལུ་ དངུལ་རྩིས་བློན་པོ་བགྲེསཔ་དེ་ ཁྲིམས་འདུན་ལུ་འབོ་དགོཔ་སྦེ་ ཞུ་བ་འབད་ཡོད་རུང་ འདི་ཚུ་སྤྱིར་བཏང་ཐོག་ལུ་ ངོས་ལེན་འབད་རུང་བཏུབ་སྦེ་ བཞག་ཡོདཔ་ཨིན་པས།
བློན་པོ་བགྲེསཔ་ རྣམ་རྒྱལ་ཚེ་རིང་གིས་ གསལ་བཤད་འབད་མིའི་ནང་ ཁོ་གི་ཁ་ཐུག་ལས་ འབྲུག་ཚོང་འབྲེལ་དང་ བཟོ་གྲྭ་ཡིག་ཚང་ལུ་ རྒྱབ་སྐྱོར་འབད་ནིའི་ འོས་ཁུངས་མེད་ཟེར་ཨིན་མི་དེ་ཡང་ སྣུམ་འཁོར་ཚུ་ ཁོང་ར་གིས་ རིན་གོང་སྤྲོད་དགོ་ཟེར་ཨིན་པས།
ང་གིས་ ཆ་འཇོག་གི་ཡི་གུ་ཚུ་ བྱ་རིམ་ལྟར་དུ་འབད་དགོཔ་ལས་ བྱིན་མ་ཚུགས་ཟེར་ཨིནམ་ད་ རྒྱབ་སྣོན་ཡི་གུ་ སྒྲིང་སྒྲི་སྦེ་ར་བྱིན་ཏེ་ཡོད་ཟེར་ཨིན་མི་དེ་ཡང་ ངེ་གི་གནས་ཡུན་དེ་ བདུན་ཕྲག་གཅིག་གི་རྒྱབ་ལས་ཚང་སོཔ་ལས་ ང་གིས་ རྒྱབ་སྣོན་འབད་མི་ལུ་ ག་དེ་སྦེ་ ངོས་ལེན་འབད་དེ་ ཐག་གཅད་ནི་ཨིན་ན་དེ་ དྲུང་ཆེན་ལུ་ རག་ལས་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement