༉ དགེ་སློང་ཀུན་ལེགས་དཔལ་འབྱོར་གྱིས་ ཐགཔ་སྐེད་པར་བཏགས་ཐོག་ལས་ སྣུམ་འཁོར་ཀཱར་དང་གཅིག་ཁར་ ཁོ་རའི་སློབ་དཔོན་༤ འཁོར་ལམ་གྱི་འོག་ལས་མར་ མི་ཊར་༣༠༠ དེ་ཅིག་ རྦོབ་རིལ་སོང་མིའི་ བྱག་གུ་ལས་མར་ བབས་འགྱོ་ནིའི་དཔའ་བཅམ་ཡོདཔ་ད་ ཁོ་གིས་ སྤྱི་ཟླ་༡ པའི་ཚེས་༡༤ གི་ ཉིན་དགུང་མཚམས་ཅིག་ཁར་ སྲོག་སྐྱབས་འབད་མི་དང་ ཕུངམ་འཚོལ་མི་སྡེ་ཚན་ཚུ་དང་ མཉམ་འབྲེལ་ཐོག་ལས་ ཁོ་རའི་སློབ་དཔོན་གྱི་ཕུངམ་ཚུ་ དེ་སྦེ་བཀོག་བཞག་མི་ཚུགས་ཟེར་སླབ་སྟེ་ བཏོན་ནི་ལུ་ རྩ་འགེངས་ཡོདཔ་ཨིན་པས།
ད་རེས་ཀྱི་དུས་ཚོད་དེ་ སེམས་ལུ་སྡུག་བསྔལ་སྦོམ་ཕོག་པའི་ དུས་ཚོད་ཅིག་ཨིན་ཟེར་སླབ་མི་དེ་ཡང་ སློབ་དཔོན་ཆ་ཁྱབ་ཀྱིས་ ཁོང་རའི་སློབ་ཕྲུག་ཚུ་ལུ་ ལེགས་ཤོམ་འབདཝ་མ་ཚད་ ང་ར་ཡང་ ད་ལྟོ་ ཉམས་རྒུད་པའི་གྲངས་སུ་ཡོད་མི་ཅིག་གིས་ རྫོང་ནང་ལུ་ སློབ་སྦྱོང་འབད་ནིའི་ལམ་སྟོན་འབད་ཡི་ཟེར་ཨིནམ་ད་ སློབ་དཔོན་དེ་ ངེ་གི་ཕམ་བཟུམ་ཅིག་ཨིནམ་བཞིན་དུ་ ཁོ་གིས་ ང་སློབ་སྦྱོང་འབད་ནིའི་ གོ་སྐབས་གནང་ཡོདཔ་ལས་ ང་གིས་ ཁོ་ལུ་གུས་ཞབས་སྦོམ་ཡོད་ཟེར་ཨིན་པས།
ཀུན་ལེགས་དཔལ་འབྱོར་དང་གཅིག་ཁར་ དགེ་སློང་༣ ཡོད་མི་ཚུ་ག་ར་ ཧེ་མ་ གཞལམ་སྒང་ལུ་ སློབ་སྦྱོང་འབད་བའི་བསྒང་གི་ སློབ་དཔོན་ཚུ་ཨིནམ་ལས་ ཁོང་གིས་ རྐྱེན་ངན་གྱི་ ལོ་རྒྱུས་གོཝ་ཅིག་ དེ་འཕྲོ་ལས་ དགེ་ལེགས་ཕུག་ལུ་ སོང་ཡོདཔ་བཞིན་དུ་ ང་གིས་ སློབ་དཔོན་ཚེ་ལས་འདས་མིའི་༤༩ གི་ ཚིག་མཇུག་བསྡུ་ཞིནམ་ལས་མ་གཏོགས་ ལོག་མི་འོང་ཟེར་ བཤདཔ་ཨིན་པས།
ཆ་རོགས་ཚུ་གིས་ ཁོ་དང་གཅིག་ཁར་ རྟ་ལི་གྲྭ་ཚང་ནང་ སྨོན་ལམ་བཏང་ཡོདཔ་ད་ ཀུན་ལེགས་དཔལ་འབྱོར་གྱིས་ ས་ཁོངས་ནང་སྡོད་དེ་ ཁོ་རའི་སྣུམ་འཁོར་པིག་ཨཔ་ནང་ ནུབ་མོ་ཞག་ཡང་དེ་ཁར་ཉལ་སྡོདཔ་མ་ཚད་ ཁོ་གིས་ འབད་བ་ཅིན་ ཨ་རྟག་ར་ ཁོ་རའི་སློབ་དཔོན་དང་གཅིག་ཁར་ ཡོངས་འབྲེལ་ཐོག་ལས་ ལོ་རྒྱུས་ཚུ་སླབ་སྟེ་ སྡོདཔ་ཨིན་ཟེར་ཨིན་པས།
ཉམས་རྒུད་བྱུང་མི་ཚུ་ཡང་ ལྡི་ག་ལ་ལས་ སྐྱེས་ལོ་༤༢ ལང་མི་བླམ་བཀྲིས་དང་ སྒོ་གླིང་ལས་ སྐྱེས་ལོ་༣༩ ལང་མི་ གཉེར་པ་ཉི་མ་རྡོ་རྗེ་ རྟ་ལི་ལས་ སྐྱེས་ལོ་༤༢ ལང་མི་ དྲུང་ཆེན་ཚེ་དབང་རྒྱ་མཚོ་ཚུ་ག་ར་ གཞལམ་སྒང་ལས་ཨིནམ་ད་ སྤ་རོ་ཟླ་བ་ཁ་ལས་ སྐྱེས་ལོ་༣༩ ལང་མི་ ཚེ་རིང་དབང་གྲགས་དེ་ དགེ་ལེགས་ཕུག་ དགེ་བསྙེན་ལྷ་ཁང་གི་ དཀོན་གཉེར་ཨིན་པས།
རྐྱེན་ངན་བྱུང་ས་དེ་ དགེ་ལེགས་ཕུག་དང་ གཞལམ་སྒང་བར་ན་གི་གཞུང་ལམ་ འཇིགས་མེད་ཆོས་གླིང་ལས་ དགེ་ལེགས་ཕུག་ཁ་ཐུག་ལུ་ ཀི་ལོ་མི་ཊར་༣ གི་ས་གནས་ ཇན་ཏ་བིར་ལུ་ སྤྱི་ཟླ་༡ པའི་ཚེས་༡༣ དྲོ་པའི་ཆུ་ཚོད་༢.༥༧ དེ་ཅིག་ཁར་ བྱུང་ཡོདཔ་ད་ ཁོང་ཆ་ཁྱབ་ འཇིགས་མེད་ཆོས་གླིང་ བར་གཤམ་ཀ་གཡུས་ཚན་ནང་ ལོ་ཆོག་བཏང་ཞིནམ་ལས་ ལོག་དགེ་ལེགས་ཕུག་ལུ་ འོང་བའི་ལམ་བར་ལུ་ བྱུང་ཡོདཔ་ཨིན་པས།
དེ་ཡང་་རྐྱེན་ངན་བྱུང་སའི་ས་ཁོངས་ཀྱི་ གདོང་ཕྱོགས་ལུ་ གཏོར་མེ་གཡུས་ཚན་གྱི་ གཡུས་མི་ཚུ་གིས་ སྒྲ་སྐད་ཤུགས་ཅན་ཅིག་ གོ་མི་ལུ་བརྟེན་ ཁོང་རའི་ཉེ་ཚན་ འཇིགས་མེད་ཆོས་གླིང་ལུ་ སྡོད་མི་ཚུ་ལུ་ བརྡ་ལན་འབད་ཡོདཔ་ད་ ཁོ་གིས་ དྲོ་པའི་ཆུ་ཚོད་༤.༢༠ ལུ་ རྒཔོ་ལུ་སྙན་ཞུ་འབད་བའི་ཁར་ རྐྱེན་ངན་དེ་ བྱག་གཟར་དྲག་ཅིག་གུ་ལུ་ བྱུང་ཡོདཔ་བཞིན་དུ་ མ་གཞི་ འཁོར་ལམ་དེ་ རྒྱ་སྦོམ་སུ་སྦེ་ར་ འདུག་ཟེར་ཨིན་པས།
སྣུམ་འཁོར་དེ་ དྲུང་ཆེན་ ཡོངས་གྲགས་ལུ་ གནག་དོག་ཟེར་སླབ་མི་ ཚེ་དབང་རྒྱ་མཚོ་གིས་ ད་རེས་འཕྲལ་ཁམས་གཅིག་ཁར་ གསརཔ་སྦེ་ཉོ་མི་ སྣུམ་འཁོར་ཀེ་རེ་ཊ་དེ་ ཁོ་ར་གིས་ བཏང་ཡོདཔ་སྦེ་ཨིན་པས།
ལོ་ཆོག་བཏང་སའི་ཁྱིམ་ནང་ ཁོང་ཆ་ཁྱབ་ ནུབ་མོའི་ཆུ་ཚོད་༡༡ ཚུན་ ཞབས་ཁྲ་རྐྱབ་སྟེ་སྡོད་པའི་ཤུལ་ལུ་ དྲོ་པའི་ཆུ་ཚོད་༢ དེ་ཅིག་ཁར་ ལོག་སོང་ཡོདཔ་ད་ ལོ་ཆོག་གི་ གཙོ་བོ་གིས་འབད་བ་ཅིན་ སྣུམ་འཁོར་བཏང་མི་དེ་ ཆུ་ཚོད་༢ དེ་ཅིག་ ངལ་འཚོ་སྡོད་ཅི་ཟེར་ཨིནམ་ད་ གཞན་མི་གིས་ སླབ་དོ་བཟུམ་འབད་བ་ཅིན་ མི་ཤི་བླམ་དང་ གཉེར་པ་གཉིས་མ་གཏོགས་ གཞན་མི་ཚུ་ ཞག་མ་ཉལ་ཟེར་ཨིནམ་བཞིན་དུ་ ལ་ལུ་ཅིག་གིས་འབད་བ་ཅིན་ རྐྱེན་ངན་དེ་ ཆང་བགྲངས་མི་ལུ་བརྟེན་ ཨིནམ་སྦེ་ཡང་ སླབ་དོ་ཡོདཔ་ཨིན་པས།
ས་གནས་ཇན་ཏ་བིར་ཟེར་མི་དེ་ སྣུམ་འཁོར་ཐུག་རྐྱེན་བྱུང་ས་ཅིག་སྦེ་ བརྩི་དོ་ཡོདཔ་ད་ ས་གནས་ཀྱི་མི་ཚུ་གིས་ སླབ་མིའི་ནང་ བྱག་གཟར་དྲག་ཡོད་མི་ལུ་བརྟེན་ ཕུངམ་བཏོན་ནི་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ སྣུམ་འཁོར་གྱི་ ཡན་ལག་ཅ་ཆས་ཚུ་ བྱག་གུ་ལས་མར་ མཐོང་ཚུགས་པས་ཟེར་ཨིན་པས།
དུས་ཅི་གི་ལོ་ལུ་ རྐྱེན་ངན་༡༠ བྱུང་མི་ཚུ་ནང་ ཤི་རྐྱེན་བྱུང་ཡོདཔ་སྦེ་ བསམ་ཁར་ཚོགས་པ་ གནས་བརྟན་གྱིས་ བཤད་པའི་ཁར་ རང་རྐྱངམ་གཅིག་སྦེ་ ས་ཁོངས་འདི་ནང་ལས་ འགྲོ་འགྲུལ་འབད་མ་ཚུགས་མི་དེ་ཡང་ ས་སྨུག་སྟུག་དྲག་སྦེ་ སྤུབས་སྡོད་ནི་དེ་གིས་ཨིནམ་ད་ ས་གནས་འདི་ནང་ལས་ སྣུམ་འཁོར་དང་ ལམ་འགྲུལ་འབད་མི་གཉིས་ཆ་ར་ལུ་ ལཱ་ཁག་བཏངམ་ཨིན་ཟེར་ཨིན་པས།
ཉིནམ་༣ དེ་ཅིག་འཚོལ་བའི་ཤུལ་ལུ་ ཕུངམ་ཚུ་ སྤྱི་ཟླ་༡ པའི་ཚེས་༡༦ ལུ་ བཏོན་ཚུགས་ཡོདཔ་ད་ དེ་ཡང་ ཕུངམ་འཚོལ་མི་ཐེབས་འོང་བའི་ཁར་ ཁྲིམས་སྲུང་འགག་པ་༡༣ བསྟན་སྲུང་དམག་མི་༩ བདེ་སྲུངཔ་༡༡ ས་གནས་ཀྱི་མི་སར་༦ ཡོདཔ་ཨིན་པས།
དགེ་ལེགས་ཕུག་ཁྲིམས་སྲུང་འགག་པའི་སྡེ་འཛིན་གྱིས་ བཤད་མིའི་ནང་ བྱག་གཟར་དྲགས་ཡོད་མི་ལུ་བརྟེན་ གདོང་ལེན་ཚུ་བྱུང་ཡོདཔ་མ་ཚད་ ལྷག་པར་དུ་ཡང་ ཕུངམ་ཅིག་མི་ཊར་༥༠ འི་ ས་གནས་ནང་ཡོདཔ་ཨིན་རུང་ ཕུངམ་དེ་བཏོན་ཚུགས་ནི་ལུ་ ལཱ་ཁག་བཏང་ཡི་ཟེར་ཨིན་པས།
ས་ཁོངས་སྟབས་མ་བདེཝ་ཡོད་མི་གིས་ གདོང་ལེན་སྦོམ་ར་ བྱུང་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement