༉ སྤྱི་ཟླ་༨ པའི་ཚེས་༡༨ ལུ་ སྣུམ་འཁོར་ནང་འདྲེན་བཀག་དམ་ ཡངས་ཆག་བཏང་ཞིནམ་ལས་ཚུར་ འབྲུག་ལུ་ སྣུམ་འཁོར་ནང་འདྲེན་ཡར་འཕར་སོང་ཡོདཔ་ད་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་གསརཔ་༧ རེ་ ལྷོད་དོ་ཡོདཔ་ལས་ ཟླཝ་རེ་ནང་ སྣུམ་འཁོར་ནང་འདྲེན་བརྒྱ་ཆ་༡༣༥ ཡར་འཕར་སོང་ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་གི་ གནས་སྡུད་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱིས་ སྤྱི་ཟླ་༩ པའི་ནང་རྐྱངམ་གཅིག་ར་ དངུལ་ཀྲམ་ས་ཡ་༢༡༦.༨༨ གནས་པའི་ སྣུམ་འཁོར་༢༡༦ ནང་འདྲེན་འབད་ཡོདཔ་ད་ དེ་ཚུའི་གྲས་ལས་༡༣༠ འགྲུལ་པ་སྐྱེལ་འདྲེན་སྣུམ་འཁོར་ཨིནམ་ད་ དེ་ནང་ གློག་ཤུགས་སྣུམ་འཁོར་ཚུ་ཡང་ ཚུད་ཡོདཔ་བཞིན་དུ་ དངུལ་ཀྲམ་ས་ཡ་༡༡༨.༤༦ གནས་ཡོདཔ་ད་ དངུལ་ཀྲམ་ས་ཡ་༩༨.༤༢ གནས་པའི་ སྣུམ་འཁོར་༨༦ ནང་འདྲེན་བཀག་དམ་འབད་མི་ལས་ དགོངས་ཡངས་བཏང་ཡོདཔ་ཨིན་པས།
ནང་འདྲེན་བཀག་དམ་དེ་ བཀག་ཆ་མ་འབད་བའི་ཧེ་མར་ སྤྱི་ཟླ་༡ པ་ལས་ སྤྱི་ཟླ་༨ པ་ཚུན་གྱི་བར་ན་ སྣུམ་འཁོར་༧༣༧ ནང་འདྲེན་འབད་ཡོདཔ་ད་ ཟླ་རིམ་བཞིན་དུ་ སྣུམ་འཁོར་༩༢ དེ་རེ་ ནང་འདྲེན་འབད་ཡོདཔ་ད་ དེ་ཚུའི་གྲས་ལས་ དངུལ་ཀྲམ་ས་ཡ་༦༢༧.༨༢ གནས་པའི་ སྣུམ་འཁོར་༥༠༩ ལུ་ བཀག་དམ་ལས་ དགོངས་ཡངས་ཐོབ་ཡོདཔ་ད་ དེ་ཡང་ བཱསི་དང་ བཀོལ་སྤྱོད་སྣུམ་འཁོར་ དེ་ལས་ དམིགས་བསལ་གྱི་སྣུམ་འཁོར་དང་ སྣུམ་འཁོར་ཊཱག་ཚུ་ཨིནམ་ད་ དངུལ་ཀྲམ་ས་ཡ་༡༦༩.༦༧ གནས་པའི་ ལྷག་ལུས་སྣུམ་འཁོར་༢༢༨ དེ་ འགྲུལ་པ་སྐྱེལ་འདྲེན་དང་ གློག་ཤུགས་སྣུམ་འཁོར་ཚུ་ཨིན་པས།
དངུལ་རྩིས་ལྷན་ཁག་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ འགྲུལ་པ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཚུ་གི་ ནང་འདྲེན་ཡར་སེང་འགྱོ་མི་དེ་ ཚོང་མགྲོན་པ་ཚུ་གི་ བློ་གཏད་ཡར་འཕར་འགྱོ་བའི་ བརྡ་མཚོན་ཅིག་ཨིནམ་ད་ དེ་གིས་ གོང་འཕེལ་དང་ འཚོ་བ་སླར་གསོ་འབད་ཚུགས་པའི་ བརྡ་མཚོན་ཅིག་ཨིན་ཟེར་ཨིན་པས།
འབྲུག་གིས་ སྤྱི་ལོ་༢༠༢༡ ལུ་ དངུལ་ཀྲམ་ཐེར་འབུམ་༤.༧༢ དང་ སྤྱི་ལོ་༢༠༢༢ ལུ་ དངུལ་ཀྲམ་ཐེར་འབུམ་༣.༢ དེ་ལས་ འདས་པའི་ལོ་ནང་ དངུལ་ཀྲམ་ས་ཡ་༩༢༦.༠༩ གནས་པའི་ སྣུམ་འཁོར་ཚུ་ ནང་འདྲེན་འབད་ཡོདཔ་ད་ མར་བབས་འགྱོ་མི་དེ་ཡང་ གཞུང་གིས་ རྒྱལ་ཁབ་ཀྱི་ ཕྱི་དངུལ་མ་རྩ་སྲུང་སྐྱོབ་འབད་ནི་དང་ དཔལ་འབྱོར་གནས་སྟངས་ བརྟན་ཏོག་ཏོ་བཟོ་ཐབས་ལུ་ སྣུམ་འཁོར་བཀག་དམ་འབད་ནིའི་ གྲོས་འཆར་བཀོད་མི་ལུ་བརྟེན་ཨིན་པས།
བཟོ་བཀོད་གསརཔ་དེ་གིས་ ཐིམ་ཕུག་ལུ་ ཐོ་བཀོད་འབད་མི་ སྣུམ་འཁོར་ཚུ་ལུ་ ཐོ་ཕོག་ནི་ཨིནམ་ད་ ད་ལྟོ་ཡོད་པའི་ སྣུམ་འཁོར་ཚུ་གི་དོན་ལུ་ ལོ་དག་པ་ཅིག་གི་རིང་ ཁྱད་པར་བཟོ་མི་ ཐོ་བཀོད་ལམ་ལུགས་ཐོག་ལས་ ཡར་སེང་འབད་ནི་གི་ གྲོས་འཆར་བཀོད་ནུག།
གཞུང་གིས་ སྣུམ་འཁོར་གྱི་གླ་འཐུས་དེ་ཡང་ ལམ་གྱི་འཐུས་བཟོ་ཐབས་ལུ་ ཐབས་ཤེས་ཅིག་སྦེ་ ལྟ་དོ་ཡོདཔ་ཨིན་པས།
ཨིན་རུང་ ད་རེས་ཀྱི་ སྤྱི་ཚོགས་ནང་ སྤྱི་ཚོགས་ཀྱི་འཐུས་མི་ཚུའི་དོན་ལུ་ པར་ཌོ་གི་ཚད་གཞི་དང་ ཞི་གཡོགཔ་ཚུ་གི་དོན་ལུ་ སྣུམ་འཁོར་གྱི་ཚད་གཞི་ཚུ་ ལོག་སྟེ་ར་ གཞི་བཙུགས་འབད་ནི་དང་ སྤྱི་ཚོགས་ཀྱི་ཐོབ་ལམ་བསྐྱར་བཅོས་དཔྱད་ཡིག་༢༠༢༤ དང་ དངུལ་ཕོགས་གཞི་བཀོད་བསྐྱར་བཟོ་བཅའ་ཁྲིམས་༢༠༢༢ ལུ་ བསྒྱུར་བཅོས་འབད་ནིའི་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་ད་ དེ་ཡང་ སང་ཕོད་ཀྱི་ གནམ་བྱཱར་གྱི་སྤྱི་ཚོགས་ནང་ གསུང་གྲོས་གནང་ནི་སྦེ་ ཕར་འཕུལ་རྐྱབ་ཡོདཔ་ཨིན་པས།
དངུལ་ཕོགས་གཞི་བཀོད་བསྐྱར་བཟོ་བཅའ་ཁྲིམས་༢༠༢༢ ནང་ ཆ་མཉམ་གྱི་དོན་ལུ་ སྣུམ་འཁོར་གྱི་ཐོབ་སྐལ་ ཆ་མེད་བཏང་ཡོདཔ་ཨིན་པས།
སྣུམ་འཁོར་གྱི་ཐོབ་སྐལ་དེ་ ལོག་སྟེ་ར་ གཞི་བཙུགས་འབད་བ་ཅིན་ འཐུས་མི་ཚུ་གིས་ པར་ཌོ་གི་ཐོབ་སྐལ་ དངུལ་ཀྲམ་ས་ཡ་༤.༥ གི་ ཁྲལ་ཡངས་འཐོབ་ནི་ཨིནམ་ད་ དེ་ཡང་ སྤྱི་ཚོགས་ཀྱི་འཐུས་མི་༧༢ ཀྱི་དོན་ལུ་ དངུལ་ཀྲམ་ས་ཡ་༣༢༡.༥༨ ཀྱི་ ཁྲལ་འབབ་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ སྤྱི་ལོ་༢༠༡༩ ལུ་ གཞུང་གི་སྣུམ་འཁོར་དང་ ཕྱི་རྒྱལ་གྱི་སྣུམ་འཁོར་ཐོབ་སྐལ་ལམ་ལུགས་ཀྱི་ བསྐྱར་ཞིབ་སྙན་ཞུའི་ནང་ གཞུང་གིས་ ཕྱི་རྒྱལ་གྱི་སྣུམ་འཁོར་ཐོབ་སྐལ་ཐོག་ལས་ སྤྱི་ལོ་༢༠༡༤ དང་༢༠༡༨ ཀྱི་བར་ན་ ལོ་༥ འི་ནང་འཁོད་ལུ་ ཚུལ་མིན་ཐོག་ལས་ དངུལ་ཀྲམ་ཐེར་འབུམ་༣ ལྷགཔ་ཅིག་ གྱོང་རྒུད་ཕོག་ཡོདཔ་ཨིན་པས།
གཞུང་གིས་བྱིན་མི་ སྣུམ་འཁོར་གྱི་ ཐོབ་སྐལ་ཐོག་ལས་ སྤྱི་ལོ་༢༠༡༤ དང་༢༠༡༨ ཀྱི་བར་ན་ སྣུམ་འཁོར་༩,༠༠༠ ལྷགཔ་ཅིག་ ནང་འདྲེན་འབད་ཡོདཔ་ཨིན་པས།
སྣུམ་འཁོར་གྱི་གྱངས་ཁ་ ཡར་འཕར་འགྱོ་མི་དེ་གིས་ ཕྱི་ཁའི་དངུལ་གསོག་འཇོག་ མར་ཕབ་འབད་དོ་ཡོདཔ་ད་ དེ་ཡང་ སྣུམ་འཁོར་དང་ སྣུམ་འཁོར་གྱི་ཡན་ལག་ དེ་ལས་ མར་ཁུ་ཚུ་ ནང་འདྲེན་འབད་ནི་དེ་གིས་ཨིན་མས།
འབྲུག་གི་ ནང་འདྲེན་ཅ་ཆས་ མཐོ་ཤོས་ཅིག་ཨིན་མི་ ས་སྣུམ་ཐད་ཁར་ དུས་ཅི་ སྤྱི་ཟླ་༩ པའི་ནང་ དངུལ་ཀྲམ་ཐེར་འབུམ་༡༠.༧༩ གནས་ཡོདཔ་ད་ དེ་ནང་ལས་ ཌི་ཟིལ་ལུ་ དངུལ་ཀྲམ་ཐེར་འབུམ་༧.༩༦ དང་ པེ་ཊཱོལ་ལུ་ དངུལ་ཀྲམ་ཐེར་འབུམ་༢.༨༣ གནས་ཡོདཔ་ད་ འདས་པའི་ལོ་ནང་ དུས་ཚོད་འ་ནེམ་ཅིག་ཁར་ ས་སྣུམ་གྱི་ནང་འདྲེན་དེ་ དངུལ་ཀྲམ་ཐེར་འབུམ་༡༠.༦༧ ལུ་ ལྷོད་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༩ པ་ཚུན་ རྒྱལ་ཁབ་ཀྱི་ ཕྱི་དངུལ་བརྗེ་སོར་གསོག་འཇོག་དེ་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༦༢༩.༡༥ ཨིནམ་ད་ དེ་ཡང་ དངུལ་བསྒྱུར་བཏུབ་མི་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༤༠༩.༤ དང་ རྒྱ་གར་གྱི་ཏི་རུ་ཐེར་འབུམ་༡༨.༤ ཨིན་པས།
འདི་ལུ་ལྟཝ་ད་ ཕྱི་དངུལ་བརྗེ་སོར་གསོག་འཇོག་ནང་ བརྒྱ་ཆ་༡༠ མར་བབས་སོང་ཡོདཔ་ད་ དེ་ཡང་ ཡུ་ཨེསི་ཌོ་ལར་ས་ཡ་༦༩༩.༦ དང་ དངུལ་བསྒྱུར་བཏུབ་མི་ ཡུ་ཨེསི་ཌོ་ལར་ས་ཡ་༤༧༥.༧༥ རྒྱ་གར་གྱི་ཏི་རུ་ ཐེར་འབུམ་༡༨.༦༦ ལུ་ མར་བབས་སོང་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༡༠ པ་ཚུན་ རྒྱལ་ཁབ་ནང་ སྣུམ་འཁོར་༡༢༨,༠༨༧ ཡོདཔ་ད་ སྣུམ་འཁོར་གྱི་གྱངས་ཁ་མཐོ་ཤོས་ར་ ཐིམ་ཕུག་ལུང་ཕྱོགས་ནང་༧༠,༤༥༧ ཐོ་བཀོད་འབད་ཡོདཔ་ད་ དེ་གི་ཤུལ་ལས་ ཕུན་ཚོགས་གླིང་ལུང་ཕྱོགས་ནང་༣༩,༧༠༢ དང་ དགེ་ལེགས་ཕུག་ལུང་ཕྱོགས་ནང་༨,༩༩༤ དེ་ལས་ བསམ་གྲུབ་ལྗོངས་མཁར་ལུང་ཕྱོགས་ནང་༥,༨༠༢ དེ་ལས་ མོང་སྒར་ལུང་ཕྱོགས་ནང་༣,༡༣༢ ཡོདཔ་ཨིན་པས།
དུས་ཅི་ ཕྱི་ཁའི་མ་བརྩིས་བར་ འབྲུག་གི་མི་འབོར་༧༧,༢༢༤ ཡོད་པའི་ སྔོན་རྩིས་བཏོན་མི་དང་འཁྲིལཝ་ད་ འབྲུག་མི་༦ ལུ་ སྣུམ་འཁོར་རེ་ ཁྱབ་དོ་ཡོད་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement