༉ རྩིས་ལོ་༢༠༢༣ དང་༢༤ ལུ་ སྣུམ་འཁོར་དེད་གཡོགཔ་ཚུ་གིས་ ལམ་ལུགས་དང་འགལ་ཏེ་ སྣུམ་འཁོར་བཏང་མི་༢༥,༧༩༥ ཡོད་ས་ལས་༣,༤༥༩ དེ་ ཆང་འཐུང་སྟེ་ སྣུམ་འཁོར་བཏང་མི་ཚུ་ཨིནམ་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་པས།
སྣུམ་འཁོར་ཤུགས་ཚད་ལས་བརྒལ་བཏང་མི་༢,༩༥༤ དང་ ཆོག་ཐམ་མེད་པར་ སྣུམ་འཁོར་བཏང་མི་༢,༨༢༧ དེ་ལས་ ཚུལ་མཐུན་ཐོག་ལས་ སྣུམ་འཁོར་མ་བཞག་མི་༢,༦༡༧ ཡོདཔ་སྦེ་ཨིན་པས།
འདི་ཚུ་གི་གྲས་ལས་ ཐིམ་ཕུག་དེ་ ཚུལ་མཐུན་མ་འབད་མིའི་གནད་དོན་ མཐོ་ཤོས་ཡོདཔ་སྦེ་ བརྒྱ་ཆ་༦༡ ཡོད་མི་དེ་ཡང་ རྒྱལ་ཁབ་ཀྱི་སྣུམ་འཁོར་ ཡོངས་བསྡོམས་ལས་ བརྒྱ་ཆ་༦༠ དེ་ཅིག་ ཐིམ་ཕུག་ལུ་ཡོདཔ་ད་ དེ་གི་འོག་ལས་ར་ དགེ་ལེགས་ཕུག་དང་ ཕུན་ཚོགས་གླིང་ལུ་ བརྒྱ་ཆ་༡༣.༣ དང་༡༢.༧ ཡོདཔ་སྦེ་ཨིན་པས།
དེད་གཡོགཔ་༡,༥༤༣ གིས་ སྣུམ་འཁོར་ཚུ་ ཡིག་ཆ་དུས་ཡོལ་སོང་བའི་ཐོག་ལས་ ལག་ལེན་འཐབ་སྟེ་ཡོདཔ་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་པས།
གནས་ཐོ་གཞན་མིའི་ནང་ སྣུམ་འཁོར་༤,༩༠༠ ཚུལ་མིན་འཐབ་ཡོད་མི་ཚུ་ཡང་ སྣུམ་འཁོར་བཏངམ་ད་ འགྲུལ་འཕྲིན་མོ་བ་ཡེལ་ ལག་ལེན་འཐབ་མི་དང་ ལ་ལོ་ཅིག་ནང་ ལམ་འགྲུལ་གྱི་ལག་ཁྱེར་ཚུ་ དུས་ཡོལ་སོང་མི་དང་ ལ་ལོ་ཅིག་ སྣུམ་འཁོར་བཏང་ཆོག་པའི་ ཆོག་ཐམ་ཚུ་ཡང་ དུས་ཡོལ་སོང་མི་དང་ སྣུམ་འཁོར་ལྷབ་ནིའི་ཆོག་ཐམ་ཐོག་ གཞུང་ལམ་བདའ་སྣུམ་འཁོར་བཏང་མི་ དེ་ལས་ འགྲུལ་སྐྱེལ་སྣུམ་འཁོར་ནང་ འགྲུལ་མི་ཐེབས་འབག་མི་ཚུ་ ཡོདཔ་སྦེ་ཨིན་པས།
འབྲུག་བཟོ་སྐྲུན་དང་ སྐྱེལ་འདྲེན་དབང་འཛིན་ འགོ་དཔོན་གྱིས་ བཤད་མིའི་ནང་ དབང་འཛིན་ལུ་ བརྟག་དཔྱད་དང་ ཞིབ་དཔྱད་ཀྱི་འཕྲུལ་ཆས་དང་ མི་སྟོབས་ལངམ་སྦེ་ ཡོདཔ་འདྲཝ་འབད་བ་ཅིན་ ཚུལ་མིན་གནད་དོན་གྱི་གྱངས་ཁ་ ཧེང་སྐལ་ར་ ཡར་སེང་འགྱོ་འོང་ཟེར་ཨིན་པས།
གནད་དོན་དེ་ཚུ་ལུ་ གཞི་བཞག་ཐོག་ འབྲུག་བཟོ་སྐྲུན་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ མི་མང་ལུ་ གོ་བ་བརྡ་སྤྲོད་ཚུ་འབད་ནིའི་ འཆར་གཞི་ཡོད་མི་དེ་ཡང་ གཙོ་རིམ་ཅན་གྱི་གནད་དོན་ཁག་བཞི་ ཆང་འཐུང་ཞིནམ་ལས་ སྣུམ་འཁོར་བཏང་ནི་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་བཏང་ནི་ ཆོག་ཐམ་མེད་པར་བཏང་ནི་ སྣུམ་འཁོར་ཚུལ་མཐུན་ བཀག་བཞག་ནི་ལ་སོགས་པ་ཚུ་ ཡོད་ཟེར་ཨིན་པས།
དབང་འཛིན་གྱིས་ བཤད་མིའི་ནང་ ཁོང་གི་ སྣུམ་འཁོར་ཚུ་ བཀག་ཐོག་ལས་ དེད་གཡོགཔ་ཚུ་ལུ་ གོ་བ་བརྡ་སྤྲོད་ཚུ་ འབད་ནི་ཨིན་ཟེར་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༢༤ ལས་འགོ་བཙུགས་ འབྲུག་བཟོ་སྐྲུན་དང་ སྐྱེལ་འདྲེན་དབང་འཛིན་དང་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱིས་ མཉམ་འབྲེལ་ཐོག་ལས་ ལམ་འགྲུལ་གྱི་སྒྲིག་གཞི་ཐོག་ ཞིབ་དཔྱད་ཚུ་འབད་ཡོདཔ་ད་ དེ་ཡང་ སྣུམ་འཁོར་ཚུ་ ཚུལ་མཐུན་བཞག་ཡོད་མེད་དང་ སྣུམ་འཁོར་བཟོ་བཅོས་ཚུ་ ལམ་ལུགས་ལས་ བརྒལ་མ་བརྒལ་ཚུ་བལྟ་བའི་ཁར་ ལག་ལེན་འདི་ཚུ་ལུ་བརྟེན་ སྣུམ་འཁོར་རྒྱུན་འགྲུལ་ལེགས་ཤོམ་འཐབ་ཚུགས་པའི་ཁར་ འགྲོ་འགྲུལ་འབདཝ་ད་ ཐོགས་མི་ལུས་ཟེར་ཨིན་པས།
ལམ་འགྲུལ་ཉེན་སྲུང་སྐྱེལ་འདྲེན་སྒྲིག་གཞི་དོན་ཚན་༤༢༣ པ་དང་འཁྲིལཝ་ད་ སྣུམ་འཁོར་གུ་ལུ་ འོས་འབབ་མེད་པའི་ ཤོག་བྱང་སྦྱར་ནི་དང་ དར་ཆུང་འཕྱར་ནི་ལ་སོགས་པ་ཚུ་ འབད་ཐག་མ་ཆོདཔ་སྦེ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ ཟླ་༢ པ་ལས་འགོ་བཙུགས་ དབང་འཛིན་གྱིས་ འགོ་དཔོན་དང་ ཁྲིམས་སྲུང་འགག་པའི་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་༣༦༠ དང་ གླ་འཁོར་བཏང་མི་༡,༤༡༧ དེ་ཅིག་ལུ་ སྦྱོང་བརྡར་ཚུ་ བྱིན་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement