༉ བློན་ཆེན་ཡིག་ཚང་ལས་ བཀའ་རྒྱ་གསལ་བསྒྲགས་འབད་མི་དང་བསྟུན་ སྣུམ་འཁོར་ཚོང་ལས་འཐབ་མི་ཚུ་གིས་ སྣུམ་འཁོར་ཚོང་མགྲོན་པ་ཚུ་ལས་ སྔོ་ལྗང་ཁྲལ་འཐེབ་ལེན་མི་དེ་ ལོག་སྤྲོད་དགོ་པའི་ གནད་དོན་ཐོག་ལུ་ མགུ་འཐོམ་བྱུང་སྟེ་ཡོདཔ་ཨིན་པས།
འོང་འབབ་དང་ཅ་དམ་ལས་ཁུངས་ཀྱིས་ སྣུམ་འཁོར་ཚོང་ལས་འཐབ་མི་༡༡ ལུ་ སྣུམ་འཁོར་གྱི་ ཤུགས་ཚད་སི་སི་ཨང་གྲངས་དང་བསྟུན་པའི་ སྔོ་ལྗང་ཁྲལ་ འཐེབ་ལེན་ཡོད་མི་ཚུ་ ལོག་སྤྲོད་དགོཔ་སྦེ་ཨིན་པས།
སྣུམ་འཁོར་ཚོང་ལས་འཐབ་མི་ཚུ་ འོང་འབབ་དང་ཅ་དམ་ཡིག་ཚང་གི་ ལམ་སྟོན་ལྟར་དུ་ འོས་འབབ་ཅན་གྱི་ ཚོང་མགྲོན་པ་ཚུ་ལུ་ ཁྲལ་རིགས་ཀྱི་བྱ་རིམ་ཚུ་ ལོག་སྤྲོད་ནིའི་དོན་ལུ་ དབྱེ་སེལ་འབད་བའི་བསྒང་ཨིན་པས།
སྔོ་ལྗང་ཁྲལ་ལོག་སྤྲོད་ནིའི་ བྱ་རིམ་ཚུ་ཡང་ སྤྱི་ལོ་༡༠༡༩ ཟླ་༡ པ་ལས་ སྤྱི་ལོ་༢༠༢༤ ཟླ་༡༡ པའི་ཚེས་༣༠ གི་ནང་འཁོད་ལུ་ ཉོ་མི་སྣུམ་འཁོར་ཚུ་ཨིནམ་ད་ དེ་ཡང་ སྔོ་ལྗང་ཁྲལ་ འཐེབ་བཀལ་ཡོད་མི་ཚུ་ལུ་ ལོག་འཐོབ་ནི་མ་གཏོགས་ སྣུམ་འཁོར་ཉོ་མི་ག་ར་གིས་ མི་ཐོབ་ཟེར་ཨིན་པས།
སྣུམ་འཁོར་ཚོང་ལས་འཐབ་མི་ཚུ་གིས་འབད་བཅིན་ ཁྲལ་འཐེབ་ཀྱི་ཐད་ལུ་ལྷོདཔ་ད་ གོ་བ་བརྡ་ལོག་སོང་ཡོདཔ་སྦེ་ འདུག་ཟེར་ཨིནམ་ད་ མི་མང་ཤོས་ཅིག་གིས་ ཁོང་གི་ སྔོ་ལྗང་གི་ཁྲལ་སྤྲོད་མི་ཚུ་ ཡོངས་རྫོགས་ལོག་འཐོབ་ནི་ཨིན་པའི་ མནོ་ལུགས་འདུག་ཟེར་ཨིནམ་ད་ དེ་ཚུ་འཛོལ་བ་ཨིནམ་བཞིན་དུ་ ཁོང་ལུ་ལོག་འཐོབ་ནི་ཨིན་མི་དེ་ གཙོ་བོ་ར་ སྤྱིར་བཏང་གི་སྔོ་ལྗང་ཁྲལ་དང་ ཁོང་ལུ་བཀལ་མི་ ཁྲལ་གཉིས་ཀྱི་བར་ན་ ཁྱད་པར་ཞུགས་ཡོད་མི་ཚུ་ལུ་ བལྟ་དགོཔ་ཡོད་ཟེར་ཨིན་པས།
ཚོང་ལས་འཐབ་མི་ གཞན་མི་གཅིག་གིས་ བཤད་མིའི་ནང་ ཁོང་གིས་ ཚོང་མགྲོན་པའི་སྣུམ་འཁོར་ཚུ་ ཁོང་རའི་ཤུགས་ཚད་ཀྱི་འཕྲུལ་ཨམ་སི་སི་ཚུ་ འོས་འབབ་ག་དེ་སྦེ་ཡོདཔ་ཨིན་ན་ བལྟ་དོ་ཟེར་ཨིནམམ་ད་ འདི་ཚུ་ངོས་འཛིན་འབད་ཞིནམ་ལས་ ཚོང་མགྲོན་པ་ཚུ་ལུ་ བརྡ་ལན་འབད་ནི་ཨིན་ཟེར་ཨིནམ་ད་ ཁྲལ་ལོག་འཐོབ་ནི་ཨིན་མི་ཚུ་ཡང་ ཁག་མ་འདྲཝ་འབད་ཡོད་མི་ལྟར་དུ་ ལ་ལུ་ཅིག་ལུ་ དངུལ་ཀྲམ་༡༠ དང་ ལ་ལུ་ཅིག་ལུ་ དངུལ་ཀྲམ་སྟོང་ཕྲག་ལས་བཅད་དེ་ ལོག་འཐོབ་ནིའི་ འོས་འབབ་འདུག་ཟེར་ཨིན་པས།
ལོག་སྤྲོད་ཀྱི་བྱ་རིམ་ཚུ་ ག་ར་འདྲན་འདྲ་མི་འཐོབ་ཟེར་ཨིན་རུང་ སྣུམ་འཁོར་དང་བསྟུན་ ཁྲལ་འཐེབ་བཀལ་མི་དང་འཁྲིལ་ རྩིས་རྐྱབ་སྟེ་ བྱིན་ནི་ཨིན་ཟེར་ཨིན་པས།
ད་ལྟོ་ཕྱི་རྒྱལ་ལུ་ཡོད་མི་ ཚོང་མགྲོན་པ་ཚུ་གིས་ ཁོང་རའི་སྣུམ་འཁོར་ཚུ་ དབྱེ་དཔྱད་འབད་ནིའི་དོན་ལུ་ ཁ་གསལ་ཚུ་སྤྲོད་དོ་ཡོདཔ་ད་ སྣུམ་འཁོར་ཚོང་ལས་འཐབ་མི་ཚུ་གིས་ རིམ་ལུགས་དང་བསྟུན་པའི་ ཤུགས་ཚད་སི་སི་ཨང་ཚུ་ དབྱེ་ཞིབ་འབད་དགོ་ནི་ཨིན་པས།
སྣུམ་འཁོར་ཚོང་ལས་འཐབ་མི་ཚུ་གིས་ འོང་འབབ་དང་ཅ་དམ་ལས་ཁུངས་ལས་ ཉོག་སེལ་གྱི་ཡིག་ཆ་མ་ལེན་པའི་ཧེ་མར་ སྔོ་ལྗང་ཁྲལ་འཐེབ་ལེན་མི་ཚུ་ ལོག་སྤྲོད་དེ་ དྭངས་གསལ་བཟོ་དགོཔ་ཨིན་པས།
ང་བཅས་ཀྱིས་ ཚོང་མགྲོན་པ་ཚུ་ག་ར་ལུ་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ ལམ་སྟོན་འབད་མི་དང་འཁྲིལ་ འོས་འབབ་བལྟ་རྟོག་གི་ ལཱ་ཚུ་འབད་བའི་བསྒང་ར་ ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༢༥ ཟླ་༡ པའི་ཚེས་༡༧ ལུ་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ མི་མང་ལུ་ སྣུམ་འཁོར་ཁྲལ་འཐེབ་ལེན་མི་ཚུ་ ལོག་སྤྲོད་དགོ་པའི་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
གཟིམ་སྒྲ་མོ་ཊརསི་གིས་ སྣུམ་འཁོར་༡,༡༢༠ ལུ་ དངུལ་ཀྲམ་ས་ཡ་༡༤.༣༣ ལོག་སྤྲོད་དགོ་ནི་ཨིན་པས།
འབྲུག་ཚོང་འབྲེལ་ལས་འཛིན་གྱིས་ སྣུམ་འཁོར་༨༥༧ ལུ་ དངུལ་ཀྲམ་ས་ཡ་༩.༤༨ ལོག་སྤྲོད་དགོཔ་ཨིན་པས།
འབྲུག་ཧུན་ཌ་ཡེ་མོ་ཊརསི་གིས་ སྣུམ་འཁོར་༡,༧༣༦ ལུ་ དངུལ་ཀྲམ་ས་ཡ་༤.༩༨ ལོག་སྤྲོད་དགོཔ་ཨིན་པས།
བྷུ་ཊཱན་ཨི་སུ་ཛུ་གིས་ སྣུམ་འཁོར་༡༦༤ ལུ་ དངུལ་ཀྲམ་༧༧༠,༩༤༣ ལོག་སྤྲོད་དགོཔ་ཨིན་པས།
ཤིང་མཁར་ཨོ་ཊོ་གིས་ སྣུམ་འཁོར་༡༩༠ ལུ་ དངུལ་ཀྲམ་༥༢༣,༥༣༧ ལོག་སྤྲོད་དགོཔ་ཨིན་པས།
བསམ་ལྡན་སྣུམ་འཁོར་བཙོང་ཁང་གིས་ སྣུམའ་ཁོར་༣༧ ལུ་ དངུལ་ཀྲམ་༣༢༢,༤༥༨ ལོག་སྤྲོད་དགོཔ་ད་ གཟིམ་སྦིས་སྣུམ་འཁོར་བཙོང་ཁང་གིས་ སྣུམ་འཁོར་༡༨ ལུ་ དངུལ་ཀྲམ་༢༡༩,༢༨༦ ལོག་སྤྲོད་དགོཔ་ཨིན་པས།
སེངྒེ་སྣུམ་འཁོར་ལས་ཚབ་ཀྱིས་ སྣུམ་འཁོར་༡༨༥ ལུ་ དངུལ་ཀྲམ་༡༣༠,༩༤༩ ལོག་སྤྲོད་དགོ་པའི་ཁར་ ལེགས་སྲོལ་མོ་ཊརསི་གིས་ སྣུམ་འཁོར་༥ ལུ་དངུལ་ཀྲམ་༢༨,༨༢༦ ལོག་སྤྲོད་དགོ་ནི་དང་ ཕི་རི་ཌོམ་མོ་ཊརསི་གིས་ སྣུམ་འཁོར་༣༢ ལུ་ དངུལ་ཀྲམ་༡,༧༣༩ ལོག་སྤྲོད་དགོཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།