༉ རྒྱལ་ཁབ་ནང་ཡོད་པའི་ སྣུམ་འཁོར་ཚོང་ལས་འཐབ་མི་༡༡ གིས་ སྣུམ་འཁོར་ཉོ་མི་ཚུ་ལུ་ སྔོ་ལྗང་ཁྲལ་ ཐེབས་བཀལ་ཡོདཔ་སྦེ་ བདའ་ཟུན་ཡོདཔ་བཞིན་དུ་ འོང་འབབ་དང་ཅ་དམ་ལས་ཁུངས་ཀྱིས་ བསྐྱར་ཞིབ་འབད་བའི་སྐབས་ སྣུམ་འཁོར་ཉོ་མི་༤,༣༤༥ ལུ་ དངུལ་ཀྲམ་ས་ཡ་༣༠.༩ ཐེབས་བཀལ་ཡོདཔ་སྦེ་ཨིན་པས།
ཚོང་ལས་འཐབ་མི་ཚུ་ཡང་ འབྲུག་ཚོང་འབྲེལ་ལས་འཛིན་དང་ སེངྒེ་ཚོང་ལས་ གཟིམ་སྒྲ་སྣུམ་འཁོར་བཙོང་ཁང་ གཟིམ་སྦིས་ཚོང་ལས་ཁང་ འབྲུག་ཨི་སུ་ཛུ་ ཊི་སི་ཌི་མོ་ཊརསི་ ཤིང་མཁར་ཨོ་ཊོ་ འབྲུག་ཧུན་ཌའེ་ ལེགས་སོལ་མོ་ཊརསི་ བསམ་ལྡན་སྣུམ་འཁོར་ཚོང་ལས་ དེ་ལས་ ཕི་རི་ཌོམ་མོ་ཊརསི་ཚུ་ཨིན་པས།
ཁྲལ་ཐེབས་ལེན་མི་ཚུ་ ལོག་སྤྲོད་དགོ་པའི་ཚད་གཞི་ཚུ་ཡང་ འོང་འབབ་དང་ཅ་དམ་ལས་ཁུངས་ཀྱིས་ ཁ་གསལ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
འབྲུག་ཚོང་འབྲེལ་ལས་འཛིན་གྱིས་ སྣུམ་འཁོར་༨༥༧ ལུ་ དངུལ་ཀྲམ་ས་ཡ་༡༤.༣༣ ལོག་སྤྲོད་དགོཔ་ད་ སེང་གེ་ཚོང་ལས་ཀྱིས་ སྣུམ་འཁོར་༡༨༥ ལུ་དངུལ་ཀྲམ་ས་ཡ་༩.༦༡ ལོག་སྤྲོད་དགོ་ནི་ཨིན་པས།
གཟིམ་སྒྲ་སྣུམ་འཁོར་བཙོང་ཁང་གིས་ སྣུམ་འཁོར་༡,༡༢༠ ལུ་ དངུལ་ཀྲམ་ས་ཡ་༤.༩༩ དང་ གཟིམ་སྦི་ཚོང་ལས་ཀྱིས་ སྣུམ་འཁོར་༡༨ ལུ་ དངུལ་ཀྲམ་༧༧༠,༩༤༣ ལོག་སྤྲོད་དགོཔ་ཨིན་པས།
འབྲུག་ཨི་སུ་ཛུ་གིས་ སྣུམ་འཁོར་༡༦༥ ལུ་ དངུལ་ཀྲམ་༥༢༣,༥༣༨ དང་ ཊི་སི་ཌི་མོ་ཊརསི་གིས་ སྣུམ་འཁོར་གཅིག་འབད་མི་ལུ་ དངུལ་ཀྲམ་༣༢༢,༤༥༨ ལོག་སྤྲོད་དགོཔ་ཨིན་པས།
ཤིང་མཁར་ཨོ་ཊོ་གིས་ སྣུམ་འཁོར་༡༩༠ ལུ་ དངུལ་ཀྲམ་༢༡༩,༢༨༦ དང་ འབྲུག་ཧུན་ཌའེ་གིས་ སྣུམ་འཁོར་༡,༧༣༦ ལུ་ དངུལ་ཀྲམ་༡༣༠,༩༤༩ ལོག་སྤྲོད་དགོཔ་སྦེ་ཡོདཔ་ཨིན་པས།
ལེགས་སོལ་མོ་ཊརསི་གིས་ སྣུམའ་ཁོར་༤ ལུ་ དངུལ་ཀྲམ་༢༨,༨༢༦ དང་ བསམ་ལྡན་སྣུམ་འཁོར་ཚོང་ལས་ཀྱིས་ སྣུམ་འཁོར་༣༧ ལུ་ དངུལ་ཀྲམ་༢༥,༠༠༠ ལོག་སྤྲོད་དགོ་པའི་ཁར་ ཕི་རི་ཌོམ་མོ་ཊརསི་གིས་ སྣུམ་འཁོར་༣༢ ལུ་ དངུལ་ཀྲམ་༡,༧༤༠ ལོག་སྤྲོད་དགོཔ་སྦེ་ ཡོདཔ་ཨིན་པས།
འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ མི་མང་ལུ་གསལ་བསྒྲགས་འབད་མི་དེ་ཡང་ སྤྱི་ལོ་༢༠༡༩ ཟླ་༡ པ་ལས་འགོ་བཙུགས་ སྤྱི་ལོ་༢༠༢༤ ཟླ་༡༡ པའི་ཚེས་༣༠ གི་ནང་འཁོད་ལུ་ སྣུམ་འཁོར་ཉོ་འདྲེན་འབད་མི་ཚུ་ལུ་ སྣུམ་འཁོར་ཚོང་ལས་འཐབ་མི་ཚུ་གིས་ སྔོ་ལྗང་ཁྲལ་ཐེབས་བཀལ་ཏེ་ཡོད་མི་ཚུ་ ལོག་ལེན་ནིའི་འོས་འབབ་ཡོད་ཟེར་ཨིན་པས།
གནད་དོན་དེ་ཡང་ སྣུམ་འཁོར་ནང་འདྲེན་བཀག་དམ་ འབད་བའི་ཤུལ་ལུ་ ལོག་ཡངས་ཆག་བཏང་ཞིནམ་ལས་ སྣུམ་འཁོར་གྱི་གོང་ཚད་ཚུ་ ཡར་སེང་སོང་ཡོདཔ་ད་ དེ་གི་སྐབས་ལུ་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ སྣུམ་འཁོར་ཚོང་ལས་འཐབ་མི་ཚུ་ལས་ ཡིག་ཆ་ཚུ་བསྡུ་ལེན་འབད་དེ་ བསྐྱར་ཞིབ་འབད་ཡོདཔ་ཨིན་པས།
བསྐྱར་ཞིབ་ཀྱི་སྐབས་ལུ་ སྣུམ་འཁོར་ཚོང་ལས་ འཐབ་མི་ཚུ་གིས་ སྣུམ་འཁོར་ཉོ་མི་ཚུ་ལུ་ སྔོ་ལྗང་གི་ཁྲལ་ ཐེབས་བསྡུ་ལེན་འབད་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།
འོང་འབབ་དང་ཅ་དམ་ལས་ཁུངས་ཀྱིས་འབད་བ་ཅིན་ སྣུམ་འཁོར་ཚོང་ལས་འཐབ་མི་ཚུ་གིས་ སྔོ་ལྗང་ཁྲལ་དང་ བཙོང་ཁྲལ་ དེ་ལས་ ཁྲལ་རིགས་གཞན་ཚུ་ ནང་འདྲེན་གྱི་འཛུལ་སྒོའི་ནང་ལས་ སྤྲོད་དགོཔ་སྦེ་ཡོད་ཟེར་ཨིན་པས།
འདི་བཟུམ་གྱི་ ཁྲལ་རིགས་ཚུ་ སྣུམ་འཁོར་ཉོ་བར་འོང་མི་ ཚོང་མགྲོན་པ་ཚུ་གུ་ལུ་ བཀལ་དོ་ཡོདཔ་སྦེ་ཨིན་པས།
དེ་འབདཝ་ད་ རྩིས་ཞིབ་དབང་འཛིན་གྱིས་ སྣུམ་འཁོར་ཚོང་ལས་འཐབ་མི་ཚུ་གིས་ ཁོང་རའི་རྩིས་འཛིན་ཡིག་ཆ་ནང་ འཁོད་དོ་བཟུམ་སྦེ་མེན་པར་ སྣུམ་འཁོར་ཉོ་མི་ཚུ་ལུ་ ངེས་ཏིག་ཁྲལ་ལས་ལྷག་སྟེ་ བཀལ་ཡོད་པའི་ གསལ་སྟོན་བྱུང་ཡོདཔ་ཨིན་པས།
སྣུམ་འཁོར་ཚོང་ལས་འཐབ་མི་ཚུ་གིས་ རྩིས་འཛིན་ཡིག་ཆ་ཚུ་ འོང་འབབ་དང་ ཅ་དམ་ལས་ཁུངས་ལུ་ སྤྲོད་མ་བཏུབ་པར་ བཞགཔ་ཨིན་ཟེར་ཨིན་པས།
སྣུམ་འཁོར་ཚོང་ལས་འཐབ་མི་ཚུ་ལུ་ ཁྲལ་ཐེབས་བསྡུ་ལེན་འབད་མི་ཚུ་ སྤྱི་ཟླ་༢ པའི་ནང་འཁོད་ལུ་ སྤྲོད་ཚརཝ་སྦེ་ སྤྲོད་དགོ་པའི་ བསླབ་བྱ་བྱིན་ཡོདཔ་ཨིན་པས།
མི་མང་གི་ཁ་ཐུག་ལས་ སྐྱོན་བརྗོད་འབད་མི་དེ་ཡང་ ཁྲལ་རིགས་གཡོ་སྒྱུའི་ཐོག་ བསྡུ་ལེན་འབད་མི་ལུ་ ཉེས་ཆད་བཀལ་ནི་མིན་འདུག་ཟེར་མི་དེ་ཡང་ ང་བཅས་ཀྱིས་ ལོ་དག་པ་ཅིག་གི་ རྒྱབ་ལས་ རྩིས་ཞིབ་ཚར་རེ་འབད་དོ་ཡོདཔ་ལས་ གནད་དོན་དང་ དཀའ་རྙོག་ཚུ་ དེ་གི་སྐབས་ལུ་ ཐོནམ་མས་ཟེར་ཨིནམ་ད་ ང་བཅས་ཀྱི་ཁ་ཐུག་ལས་ སྣུམ་འཁོར་ཚོང་ལས་འཐབ་མི་ཚུ་ལུ་ ངོས་ལེན་ཚུ་ ག་ཅི་ར་འབད་ནི་ཨིན་ན་ ད་ལྟོ་ སླབ་མི་ཚུགས་ཟེར་ཨིན་པས།
བློན་ཆེན་གྱིས་ སྣུམ་འཁོར་ཚོང་ལས་འཐབ་མི་ཚུ་ལུ་ གཞུང་ལུ་ཁྲལ་རིགས་རྙོག་གསལ་ འབད་དགོཔ་ཡོད་མི་ཚུ་ཡང་ ད་རེས་ཀྱི་ཟླཝ་ནང་ མཇུག་བསྡུ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
བློན་ཆེན་གྱིས་ གལ་སྲིད་ གོང་ཚད་ཐད་ལུ་ དྲང་བདེན་མ་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ སྣུམ་འཁོར་གྱི་གོང་ཚད་ཚུ་ མི་མང་ལུ་ གསལ་སྟོན་འབད་དགོཔ་སྦེ་ ཉེན་བརྡ་བྱིན་ཡོདཔ་ཨིན་པས།
ད་རུང་ འོང་འབབ་དང་ཅ་དམ་ལས་ཁུངས་ཀྱིས་ སྣུམ་འཁོར་ཚོང་ལས་འཐབ་མི་ཚུ་ལུ་ སྤྱིར་བཏང་གི་ ཚད་གཞི་ལས་བརྒལ་ཏེ་ སྔོ་ལྗང་ཁྲལ་བསྡུ་ལེན་འབད་མི་ཚུ་ འཕྲལ་མགྱོགས་ར་ དྭངས་གསལ་བཟོ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
གཞན་ཡང་ ལས་ཁུངས་ཀྱིས་ ཁྲིམས་འགལ་ལག་ལེན་བསྟར་སྤྱོད་འབད་མི་ལུ་ བཟོད་བསྲན་འབད་མི་ཚུགས་ཟེར་ཨིནམ་ད་ འབྲུག་གི་ཁྲལ་གྱི་བཅའ་ཁྲིམས་དང་ ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ ཁྲིམས་མཐུན་གྱི་ ཉེས་ཆད་ཚུ་ཕོག་ཟེར་ཨིན་པས།
ལས་ཁུངས་ཀྱིས་ འདི་བཟུམ་གྱི་ ངོས་ལེན་འབད་དགོ་མི་དེ་ཡང་ མ་འོངས་པའི་ནང་ མི་མང་ལུ་ ཚུལ་མིན་འཐབ་ནི་ལས་ སྔོན་འགོག་འབད་ནིའི་དོན་ལུ་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement