༉ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ ཕྱི་དངུལ་འབོར་ཆེ་དྲགས་སྦེ་ར་ འཕྱོག་བཟུང་འབད་ཡོདཔ་ད་ དེ་ཡང་ ཅ་དམ་དང་ སྲུང་སྐྱོབ་འགོ་དཔོན་ཚུ་གིས་ ཐའི་ལེནཌི་གི་རྒྱལ་ས་ བེང་ཀོག་ལུ་འགྱོ་མི་ ཚོང་པ་ཕོ་སྐྱེས་ཅིག་དང་ ཨམ་སྲུ་ཅིག་ འབྲེལ་གཏོགས་ཡོད་པའི་ གནད་དོན་ཁག་༢ ནང་ ཡུ་ཨེསི་ཌོ་ལར་༥༠༠,༠༠༠ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༤༠ ལང་མི་ ཚོང་པ་ཕོ་སྐྱེས་དེ་གིས་ སྤྱི་ཟླ་༩ པའི་ཚེས་༦ ལུ་ ཡུ་ཨེསི་ཌོ་ལར་༣༦༠,༠༠༠ དང་ སྐྱེས་ལོ་༤༩ ལང་མི་ ཨམ་སྲུ་དེ་གིས་ སྤྱི་ཟླ་༨ པའི་ཚེས་༣༠ ལུ་ ཡུ་ཨེསི་ཌོ་ལར་༡༤༠,༠༠༠ འབག་སྟེ་ཡོདཔ་ཨིན་པས།
བཀྲིས་སྒང་ལས་ཨིན་མི་ ཚོང་པ་ཕོ་སྐྱེས་དེ་ ད་ལྟོ་ སྤ་རོ་ལུ་ སྡོད་དོ་ཡོདཔ་དབཞིན་དུ་ ཁོ་ར་ གནམ་གྲུ་ནང་ མ་འཛུལ་བའི་ཧེ་མར་ ཉེན་སྲུང་གི་ཞིབ་དཔྱད་འབད་བའི་སྐབས་ བཀག་བཞག་ཡོདཔ་ཨིན་པས།
ཅ་དམ་འགོ་དཔོན་ཚུ་གིས་ དོགས་པ་ཅན་དེ་ གནམ་གྲུ་ནང་འཛུལ་ནི་ལས་ བཀག་ཆ་འབད་ཡོདཔ་ད་ ཁོང་གིས་ ཡིག་ཤོག་༦ ཐོབ་ཡོདཔ་ད་ ཡིག་ཤོག་རེ་ནང་ ཡུ་ཨེསི་ཌོ་༦༠,༠༠༠ རེ་ཡོདཔ་ད་ དངུལ་རྐྱང་དེ་ རྒྱ་གར་གྱི་ གསར་ཤོག་ནང་ ལེགས་ཤོམ་སྦེ་ བསྡམས་བཞག་ཡོདཔ་ད་ དེ་ཡང་ ཁོ་གི་ ལག་ཁར་འབག་མི་ ཁུར་ཆ་ནང་ ཌི་ཨེཆི་ཨེལ་གྱི་ ཁ་དོག་སེརཔོ་འབད་མི་ ཡིག་ཤོག་ནང་ སྦ་བཞག་སྟེ་ཡོདཔ་ཨིན་པས།
ཁོ་ར་ དེ་ཚེ་དྲོ་པ་ འབྲུག་གནམ་གྲུ་ལས་ བེང་ཀོག་ལུ་ འཕུར་འགྲུལ་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ཚོང་པ་དེ་གིས་ སྣུམ་འཁོར་གྱི་ ཡན་ལག་ཅ་ཆས་ཚུ་ ཚོང་འབྲེལ་འཐབ་དོ་ཡོདཔ་ད་ ཁོ་གིས་ ཧེ་མར་ ཕུན་ཚོགས་གླིང་ལུ་ ཚོང་འབྲེལ་འཐབ་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ དོགས་པ་ཅན་གྱིས་ མ་དངུལ་ཚུ་ རྒྱ་གར་གྱི་ མི་ཅིག་ལས་ བསྡུ་ལེན་འབད་ཡོདཔ་ད་ ཁོ་གིས་ ཏི་རུ་ཚུ་ ཚོང་འབྲེལ་གྱི་ཐོག་ལས་ བཏང་ནུག་ཟེར་ཨིནམ་ད་ ཁོ་ར་ བེང་ཀོག་ལུ་མ་འགྱོ་བའི་ཧེ་མར་ དོགས་ཅན་དེ་གིས་ རྒྱ་གར་གྱི་ མི་དེ་དང་འཕྱད་ཞིནམ་ལས་ ཕུན་ཚོགས་གླིང་ལུ་ ཏི་རུ་ལེན་པར་ སོང་ཡོདཔ་ཨིན་པས།
ཚོང་པ་དེ་ ཞིབ་དཔྱད་འབད་ནིའི་དོན་ལུ་ སྤ་རོ་གི་ ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
ཅ་དམ་གྱི་ སྒྲིག་གཞི་དང་འཁྲིལ་བ་ཅིན་ འགྲུལ་པ་ཚུ་གིས་ ཕྱི་རྒྱལ་གྱི་ཏི་རུ་ ཡུ་ཨེསི་ཌོ་ལར་༡༠,༠༠༠ དང་འདྲ་མཉམ་ ཡང་ན་ དེ་ལས་ལྷག་པའི་ཏི་རུ་ཚུ་ འགྲུལ་པ་མ་འགྱོ་བའི་ཧེ་མ་དང་ ཡང་ན་ ལྷོད་པའི་སྐབས་ ཅ་དམ་ཡིག་ཚང་ལུ་ གསལ་སྟོན་འབད་དགོཔ་ཨིན་པས།
དེ་ལས་ སྤྱི་ཟླ་༨ པའི་ཚེས་༣༠ ལུ་ སྐྱེས་ལོ་༤༩ ལང་མི་ ཚོང་པ་ཨམ་སྲུ་ཅིག་ སྤ་རོ་གནམ་ཐང་ནང་ མོ་རའི་ ལག་བེག་ནང་ ཡུ་ཨེསི་ཌོ་ལར་༡༤༠,༠༠༠ མཐོང་མི་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ད་ ཤོག་སྒམ་༡༤ ནང་ ཡུ་ཨེསི་ཌོ་ལར་བཙུགས་ཡོད་མི་ཚུ་ ཉེན་སྲུང་བརྟག་ཞིབ་འབད་བའི་སྐབས་ མཐོང་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།