༉ འཕྲལ་ཁམས་ཅིག་ཁར་ སྤ་རོ་རྫོང་ཁག་བདག་སྐྱོང་གི་ བཟོ་རིག་འགོ་དཔོན་ ཕོ་སྐྱེས་༡ དང་ ཨམ་སྲུ་༡ གིས་ ངན་ལྷད་འཐབ་པའི་དོགས་པ་ལུ་བརྟེན་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།
ཁོང་༢ དོ་དམ་འོག་ལུ་ ཉིནམ་༡༠ དེ་ཅིག་ བཞག་པའི་ཤུལ་ལས་ བདུན་ཕྲག་དག་པ་ཅིག་གི་ཧེ་མར་ གློད་གྲོལ་ཐོག་ བཏང་ཡོདཔ་ཨིན་པས།
བཟོ་རིག་འགོ་དཔོན་ ཨམ་སྲུ་དེ་ སྤ་རོ་ལས་ འཛིན་བཟུང་འབད་ཡོད་པའི་ཁར་ གཞན་མི་ཕོ་སྐྱེས་དེ་ ཐིམ་ཕུག་ལུ་ འབོ་ཞིནམ་ལས་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་དང་འཁྲིལ་བ་ཅིན་ བཟོ་རིག་འགོ་དཔོན་ཚུ་གིས་ འདས་པའི་ལོ་༣ དང་༤ གི་ནང་འཁོད་ལུ་ ཁག་འབགཔ་ཚུ་གི་ མིང་ཐོ་ཁར་ རྫོང་ཁག་གི་ ཁག་འབག་ལཱ་ཚུ་འབད་མི་ལུ་བརྟེན་ ཉེས་འཛུགས་འབད་ནུག་ཟེར་ཨིན་པས།
དེ་མ་ཚད་ བཟོ་རིག་འགོ་དཔོན་༢ ལུ་ རིན་བསྡུར་དེ་ ཐད་ཀར་དུ་ ཁོང་གིས་ ངོ་ཤེས་མི་ ཁག་འབགཔ་ཚུ་ལུ་ བྱིན་ཡོད་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཉོགས་བཤད་དེ་ མིང་གསང་བའི་ཐོག་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ལུ་ བཀོད་ཡོདཔ་ཨིན་པས།
ཞིབ་དཔྱད་འབད་བའི་སྐབས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སྤ་རོ་གི་ བཟོ་རིག་འགོ་དཔོན་༡༥ གི་ འགྲུལ་འཕྲིན་མོ་བཱ་ཡལ་དང་ ལེབ་ཊོབ་ཚུ་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
གནས་ཚུལ་ཤེས་མི་ཚུ་གིས་ ཀུན་གསལ་ལུ་ སླབ་མི་དང་འཁྲིལ་བ་ཅིན་ མོ་བཱ་ཡལ་དང་ ལེབ་ཊོབ་ཚུ་ འཕྱོག་བཟུང་འབད་མི་དེ་ཡང་ ངན་ལྷད་ལས་སྣ་འཐབ་མི་དང་འབྲེལ་བའི་ ཉེས་འཛུགས་ཀྱི་ འོས་འབབ་ལྡན་པའི་ སྒྲུབ་བྱེད་བསྡུ་ལེན་འབད་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བརྡ་དོན་དང་ མ་དངུལ་ཐོ་ དེ་ལས་ མོ་བཱ་ཡལ་དང་ ལེབ་ཊོབ་ནང་ཡོད་པའི་ འབྲེལ་ཡོད་གནས་སྡུད་ཚུ་ ལྟ་ཡོདཔ་ད་ དེ་གིས་ བཟོ་རིག་འགོ་དཔོན་ཚུ་གིས་ ཁག་འབགཔ་མ་འདྲཝ་ཚུ་གི་ མིང་ཐོ་ཁར་ ཁག་འབགཔ་གི་ ལས་སྣ་བྱིན་མི་ཚུ་ཡང་ ཤེས་ཚུགས་ནིའི་དོན་ལུ་ཨིན་པས།
བཟོ་རིག་འགོ་དཔོན་༡༥ ལས་༢ ཀྱིས་ ཁག་འབགཔ་ཚུ་དང་ མ་དངུལ་ཚུ་ ཕར་ཚུར་ལེ་ཤ་ བརྗེ་སོར་འབད་བའི་ དོགས་པ་སྦོམ་སྦེ་ར་ ཡོདཔ་ཨིན་པས།
ངན་ལྷད་འཐབ་པའི་ ནམ་དུས་ལུ་ བཟོ་རིག་འགོ་དཔོན་༡ དམིགས་བསལ་གྱི་ ངལ་གསོ་ལེན་ཏེ་ ཁག་འབག་ལས་འགུལ་ ལཱ་འབད་སྡོད་ཡོདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ ཁག་འབགཔ་ལེ་ཤ་ཅིག་ར་ གནད་དོན་ནང་ འབྲེལ་གཏོགས་འབད་ཡོདཔ་སྦེ་ མངོན་གསལ་བྱུང་ཡོདཔ་ཨིན་པས།
ཁག་འབགཔ་གི་ ལཱ་ག་དེམ་ཅིག་ འབད་ཡོདཔ་ཨིན་ན་ ད་ལྟོ་ ཤེས་རྟོགས་མེདཔ་ད་ འཆར་གཞི་༡༢ པའི་ནང་ སྤ་རོ་རྫོང་ཁག་བདག་སྐྱོང་གིས་ ཁག་འབགཔ་གི་ ལས་འགུལ་བྱིན་མི་ཚུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།
ལོ་བསྟར་བཞིན་དུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཞིབ་དོ་ཡོད་རུང་ གནད་དོན་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་འབད་དོ་ཡོདཔ་ལས་ རྩིས་ཞིབ་བྱ་རིམ་དེ་ ད་ལྟོ་ མ་འབད་བར་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ད་རེས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ལས་ འགོ་དཔོན་ཚུ་གིས་ གནད་དོན་དེ་གི་ ཁ་གསལ་ཚུ་ དེ་ཅིག་ལས་ བརྗེ་སོར་འབད་མ་བཏུབ་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།