༉ སྤ་རོ་བོང་སྡེ་སྟོད་ལུ་ ཨྱོན་པདྨ་ཟངས་མདོག་དཔལ་རིའི་ ས་ཁོངས་ནང་ ཟླ་ངོ་ཕྱེད་དང་བཞི་གི་རིང་ རིན་ཆེན་གཏེར་མཛོད་ཀྱི་ དབང་ལུང་ཁྲིད་གསུམ་གནང་པའི་སྐབས་ རྒྱལ་ཁབ་ནང་འཁོད་ཀྱི་ དད་ཅན་སྐྱ་སེར་ཕོ་མོ་སྟོང་ཕྲག་ལས་བཅད་དེ་ གྲལ་གཏོགས་འབད་ནི་གི་ རེ་བ་ཡོད་ཟེར་ འགོ་འདྲེན་པ་གིས་ བཤདཔ་ཨིན་པས།
རིན་ཆེན་གཏེར་མཛོད་ཀྱི་ ལྗགས་ལུང་ཡང་ སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གིས་ རང་ཟླ་༤ པའི་ཚེས་༢༡ སྤྱི་ཟླ་༥ པའི་ཚེས་༢༩ ལས་འགོ་བཙུགས་ སྤྱི་ཟླ་༩ པའི་ཚེས་༡༣ ཚུན་ གནང་ནི་ཨིནམ་ད་ བཀའ་དབང་ལས་རིམ་དེ་
མཁན་སྤྲུལ་ཀརྨ་འཇིགས་མེད་ཀྱིས་ དབུ་གཙོས་ཏེ་ ཨྱོན་པདྨ་ཟངས་མདོག་དཔལ་རི་ཆོས་ཚོགས་ཀྱིས་ འགོ་འདྲེན་འཐབ་ཨིན་པས།
མཁན་སྤྲུལ་ཀརྨ་འཇིགས་མེད་ཀྱིས་ བཤད་མིའི་ནང་ ལྗགས་ལུང་ཞུ་མི་ བླ་སྤྲུལ་དང་ མཁན་པོ་ དགེ་སློང་ ཨ་ནེམོ་ སྒོམ་ཆེན་ དེ་ལས་ སྤྱིར་བཏང་དད་ཅན་༡༠,༠༠༠ ལྷགཔ་ཅིག་ འཛོམས་ནི་གི་ རེ་བ་ཡོད་མི་ལུ་བརྟེན་ འགོ་འདྲེན་པའི་ཧོངས་ལས་ ཟངས་མདོག་དཔལ་རི་ལྷ་ཁང་གི་ གདོང་ཕྱོགས་ལུ་ ཆོས་ཞུ་མི་༡༢,༠༠༠ དེ་ཅིག་ ཤོང་ཚུགས་པའི་ དབང་ཁང་ངམ་ ཚོགས་ཁང་ཆེན་མོ་ཅིག་ བཟོ་སྐྲུན་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཨྱོན་པདྨ་ཟངས་མདོག་དཔལ་རི་ཆོས་ཚོགས་ཀྱིས་ གསལ་བསྒྲགས་འབད་མིའི་ནང་ སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གིས་ རིན་ཆེན་གཏེར་མཛོད་ཆེན་མོའི་ སྨིན་བྱེད་ཀྱི་ བཀའ་དབང་གནང་པའི་སྐབས་ བྱ་བ་ཐ་དག་འབད་མེད་ལྷུན་གྱིས་འགྲུབ་ནི་དང་ ཕྱི་ནང་གསང་གསུམ་གྱི་ སྐུ་བགེགས་ཞི་ནིའི་ ཞབས་བརྟན་ལུ་དམིགས་ཏེ་ སྤྱི་ཟླ་༥ པའི་ཚེས་༢༣ ལས་འགོ་བཙུགས་ སྤྱི་ཚེས་༢༦ ཚུན་ ཉིན་གྲངས་༤ གི་རིང་ ཨྱོན་པདྨ་ཟངས་མདོག་དཔལ་རིའི་ མཁན་སྤྲུལ་བླ་སློབ་འདུས་ཚོགས་དང་ ཞེ་ཆེན་དགོན་གྱི་ བླ་སྤྲུལ་དགེ་འདུན་པ་ཚུ་གིས་ ཟངས་མདོག་དཔལ་རིཡི་ ཚོགས་ཁང་ཆེན་མོའི་ནང་ བླ་མ་ནང་སྒྲུབ་རིག་འཛིན་འདུས་པའི་ དཀྱིལ་འཁོར་ཞལ་ཕྱེས་ཏེ་ ཚོགས་ཀྱི་མཆོད་པ་འབུམ་ཐེར་ཕུལ་ནི་ཟེར་ཨིན་པས།
སྐྱབས་རྗེ་ཞེ་ཆེན་རིན་པོ་ཆེ་མཆོག་ སྤྱི་ཟླ་༥ པའི་ཚེས་༢༨ ལུ་ ཟངས་མདོག་དཔལ་རི་གྲྭ་ཚང་ནང་ ཕེབས་གནང་ནི་ཨིནམ་ད་ སྤྱི་ཟླ་༥ པའི་ཚེས་༢༩ ལུ་ སྨིན་གླིང་རྡོར་སེམས་ཀྱི་ དཀྱིལ་འཁོར་ཞལ་ཕྱེས་ཏེ་ ས་ཆོག་དང་འབྲེལ་ རྡོར་སེམས་སྒྲུབ་མཆོད་དངོས་གཞི་འགོ་བཙུགས་ཞིནམ་ལས་ དབང་ལུང་མཇུག་མ་བསྡུའི་རིང་ལུ་ དུས་རྒྱུན་དུ་ འཚོགས་གནང་འོང་ཟེར་ འགོ་འདྲེན་པ་གིས་ གསལ་བསྒྲགས་འབདཝ་ཨིན་པས།
ལས་རིམ་དང་འཁྲིལ་བ་ཅིན་ སྤྱི་ཟླ་༥ པའི་ཚེས་༣༠ དྲོ་པ་ཆུ་ཚོད་༧ ལས་ ཨ་འཛོམ་རྒྱལ་སྲས་འགྱུར་མེད་རྡོ་རྗེ་མཆོག་སྤྲུལ་རིན་པོ་ཆེ་གིས་ གཏེར་མཛོད་ཀྱི་ ལྗགས་ལུང་གནང་ནི་དང་ ཉིན་མའི་ཆུ་ཚོད་༡ ལུ་ སྐྱབས་རྗེ་ཞེ་ཆེན་རིན་པོ་ཆེ་མཆོག་གིས་ བཀའ་དབང་བསྩལ་གནང་ནི་ཨིན་པས།
མཁན་སྤྲུལ་ཀརྨ་འཇིགས་མེད་ཀྱིས་འབད་བ་ཅིན་ ལྗགས་ལུང་ཞུ་མི་ཚུ་ལུ་ འགོ་འདྲེན་པའི་ཧོངས་ལས་ གསོལ་ཚོགས་དང་ གསོལ་ཇ་དྲང་ནི་ཨིནམ་ལས་ དད་ཅན་ཚུ་གིས་ བཞེས་རས་བཞེས་ཆ་ཚུ་ བསྣམས་འབྱོན་གནང་ཟེར་ ཞུ་བ་འབདཝ་ཨིན་པས།
ཆོས་ཞུ་མི་ཚུ་ལུ་བདེ་སྒྲིག།
ཨྱོན་པདྨ་ཟངས་མདོག་དཔལ་རི་ཆོས་ཚོགས་ཀྱིས་ ལྗགས་ལུང་ཞུ་མི་ཚུ་གི་ ཕན་ཐབས་ལུ་དམིགས་ཏེ་ སྒེར་གྱི་ས་ཆ་ཨེ་ཀར་༡ ལེན་ཞིནམ་ལས་ ཕོ་སྐྱེས་ཀྱི་གསང་སྤྱོད་༦༤ དང་ ཨམ་སྲུའི་གསང་སྤྱོད་༥༦ ས་དོང་བརྐོ་ཐོག་ལས་ ཁང་ཚན་སྦེ་ བཟོ་སྟེ་ཡོད་པའི་ཁར་ བླ་སྤྲུལ་དང་ དགེ་སློང་ཚུ་གི་དོན་ལུ་ གྲྭ་ཤག་ནང་ན་ དེང་སང་གི་ གསང་སྤྱོད་༦༠ དེ་ཅིག་ ཡོདཔ་་ཨིན་པས།
ད་རུང་ ཆོས་ཞུ་མི་ཚུ་ ཆུ་འཐུང་ནི་དང་ ལགཔ་འཁྱུ་ནིའི་དོན་ལུ་ དབང་ཁང་གི་ གཡས་གཡོན་ལུ་ ཆུ་ཏོག་ཀ་ལི་༦༠ དེ་ཅིག་ གཞི་བཙུགས་འབད་ཡོདཔ་ད་ མཁའ་སྤྲུལ་གྱིས་འབད་བ་ཅིན་ ལྗགས་ལུང་ལས་རིམ་དེ་ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་ལུ་ཕོགཔ་ལས་ ཆོས་ཞུ་མི་ཚུ་གི་ གཟུགས་ཁམས་འཕྲོད་བསྟེན་ ལེགས་ལྡན་དང་ གཙང་སྦྲ་བསྟེན་དགོཔ་ གལ་ཆེ་མི་ལུ་བརྟེན་ གསང་སྤྱོད་དང་ འཐུང་ཆུའི་མཐུན་རྐྱེན་ཚུ་ མ་བཏུབ་བཏུབ་སྦེ་ གཞི་བཙུགས་འབད་ཡོདཔ་ལས་ དད་ཅན་ཚུ་ ཐུགས་ཚ་གྱང་བཞེས་མི་དགོ་ཟེར་ཨིན་པས།
དེ་འབདཝ་ད་ ཆོས་ཞུ་མི་ཚུ་ལུ་ སྡོད་ཁྱིམ་མ་ཐོབ་པའི་ གདོང་ལེན་ཡོད་མི་དེ་ཡང་ ད་རེས་ བོང་སྡེ་ཁྲོམ་དང་ ཉེ་འདབས་ཀྱི་ གཡུས་ཚན་ནང་ ཁང་ཚན་དང་ ཁྱིམ་ཚུ་ ཟླཝ་༣ དང་༤ གི་ཧེ་མ་ལས་ གླ་ཁར་བཏང་ཚར་ཡོདཔ་ཨིན་པས།
ཁང་གླར་ལེན་མི་ཅིག་གིས་ སླབ་མིའི་ནང་ སྤ་རོ་ལུ་ རིན་ཆེན་གཏེར་མཛོད་ཀྱི་ ལྗགས་ལུང་གནང་ནི་ཨིན་པའི་ གནས་ཚུལ་གོ་བའི་ཤུལ་ལས་ ཐག་རིང་གི་རྫོང་ཁག་ མོང་སྒར་དང་ བཀྲིས་སྒང་ལས་ ཆོས་ཞུ་འདོད་ཡོད་མི་ དག་པ་ཅིག་གིས་ དུས་ཅི་ སྤྱི་ཟླ་༡ པའི་ནང་ བོང་སྡེ་ཁྲོམ་དང་ མཐའ་འཁོར་གྱི་ གཡུས་ཚན་ཚུ་ནང་ ཁང་ཚན་ཚུ་འཚོལ་ཏེ་ བཞག་ནུག་ཟེར་ཨིན་པས།
སྡོད་ཁྱིམ་གྱི་ མཁོ་འདོད་བཀོད་མི་ མངམ་ཐོན་མི་ལུ་བརྟེན་ ཁྱིམ་དང་སའི་ཇོ་བདག་ཚུ་གིས་ཡང་ གོ་སྐབས་ལེན་ཐོག་ལས་ ཁང་གླ་མཐོ་དྲགས་སྦེ་ རྐྱབ་མི་དེ་ཡང་ མི་༣ དང་༤ ཤོང་ཚུགས་པའི་ ཁང་མིག་ཆུང་ཀུ་ཅིག་ལུ་ ཟླ་རིམ་ཁང་གླ་དངུལ་ཀྲམ་༡༥,༠༠༠ ལས་༢༠,༠༠༠ གི་བར་ན་ སླབ་མས་ཟེར་ ཁྱིམ་འཚོལ་མི་གིས་ བཤདཔ་ཨིན་པས།
དེ་ལས་ གུར་སྤུབས་ཏེ་ སྡོད་ནིའི་དོན་ལུ་ ས་ཌིསི་རེ་ལུ་ གླར་སྤྱོད་ཀྱི་འཐུས་ ཟླཝ་༡ ནང་ དངུལ་ཀྲམ་༦,༠༠༠ རེ་ ལེན་དོ་ཡོད་པའི་གནས་ཚུལ།
གནས་ཚུལ་ལྷན་ཐབས་
རིག་འཛིན་དབང་ཕྱུག།