༉ སྤ་རོ་རྒྱལ་སྤྱི་གནམ་ཐང་ རྒྱ་སྐྱེད་འབད་ནིའི་དོན་ལུ་ གཞུང་དང་ སྒེར་གྱི་ས་ཆ་ཚུ་བརྩིས་ཏེ་ ས་ཆ་ཨེ་ཀར་༩༠ལྷགཔ་ཅིག་ མཁོ་སྒྲུབ་འབད་དགོཔ་ཨིན་པས།
ས་ཆ་མཁོ་སྒྲུབ་འབད་ནིའི་དོན་ལུ་ ལས་འབྲེལ་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཡོདཔ་ད་ ཚོགས་ཆུང་དེ་ནང་ སྤ་རོ་རྫོང་ཁག་གི་ ས་ཆ་ལས་སྡེ་དང་ ཝང་ཅང་རྒཔོ་ སྤ་རོ་རྫོང་ཁག་གི་ བཟོ་རིག་འགོ་དཔོན་ ས་ཐོག་སྐྱེལ་འདྲེན་ལས་ཁུངས་ འབྲུག་ཞི་བའི་མཁའ་འགྲུལ་དབང་འཛིན་ དེ་ལས་ གནམ་གྲུའི་སྐྱེལ་འདྲེན་ལས་ཁུངས་ཀྱི་ འཐུས་མི་ཚུ་ ཡོདཔ་ཨིན་པས།
གནམ་གྲུའི་སྐྱེལ་འདྲེན་ལས་ཁུངས་ཀྱིས་འབད་བ་ཅིན་ ད་ལྟོའི་ གནམ་ཐང་གི་མཐུན་རྐྱེན་ཚུ་ འབྲུག་གི་གནམ་ཐང་གནས་ཚད་དང་མ་འཁྲིལ་བར་ཡོདཔ་ལས་ གནམ་ཐང་རྒྱ་སྐྱེད་འབད་དགོཔ་འདུག་ཟེར་ཨིནམ་ད་ འབྲུག་གི་ཞི་བའི་མཁའ་འགྲུལ་དབང་འཛིན་གྱིས་ བརྟག་ཞིབ་འབད་བའི་སྐབས་ གནས་ཚད་དང་མ་འཁྲིལ་ཚུ་ སེལ་ཐབས་འབད་མ་ཚུགས་པས་ཟེར་ཨིན་པས།
ཚོགས་ཆུང་གིས་ རྒྱ་སྐྱེད་ཀྱིས་ གནོད་སྐྱོན་བྱུང་མི་ས་ཁོངས་༦ ངོས་འཛིན་འབད་ཡོདཔ་ད་ དེ་ཡང་ ལྷོ་ཁ་ཐུག་ལུ་ བོང་སྡེ་གི་ས་ཁོངས་ཆ་ཤས་ཅིག་དང་ ཁྱུང་དུང་མཁར་དང་ བྱང་ཁ་ཐུག་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་དང་ ཟམ་གྱི་ཉེ་འདབས་ དེ་ལས་ ཁང་ཁུའི་ཞིང་གི་ ས་ཁོངས་ཚུ་ ཚུདཔ་ཨིན་པས།
ས་ཆ་མཁོ་སྒྲུབ་འབད་ནི་དེ་ གོ་རིམ་༣ སྦེ་ ལག་ལེན་འཐབ་ནི་ཨིན་པས།
སྤ་རོ་རྒྱལ་སྤྱི་གནམ་ཐང་གི་ འཛིན་སྐྱོང་པ་ མགོནམ་ལྷམོ་གིས་ སླབ་མིའི་ནང་ གཞུང་ལམ་ལམ་རྙིངམ་དེ་ གནམ་གྲུའི་རྒྱུག་ལམ་རྒྱ་སྐྱེད་འབད་ནིའི་དོན་ལུ་ བསྐྱར་བཟོ་འབད་དགོཔ་འདུག་ཟེར་ཨིནམ་ད་ འཁོར་ལམ་ལོག་དཔག་ཚད་བཀལ་ནིའི་དོན་ལུ་ འོས་འབབ་བརྟག་ཞིབ་དེ་ མཇུག་བསྡུ་ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ འཁོར་ལམ་གསརཔ་དེ་ ཧེ་མ་ལས་ཡོད་མི་ གཞུང་ལམ་དང་གཅིག་ཁར་སྦེ་ འགྱོ་ནི་ཨིནམ་ལས་ ས་གནས་ནང་སྡོད་མི་ཚུ་གིས་ འཁོར་ལམ་ཐོབ་སྤྱོད་འབད་ཚུགས་པའི་ཁར་ གློ་བུར་གྱི་གནས་སྟངས་ནང་ རྒྱུག་ལམ་སྦེ་ ལག་ལེན་འཐབ་ཚུགས་ཟེར་ཨིན་པས།
རྒྱལ་སྤྱིའི་གནས་ཚད་དང་འཁྲིལཝ་ད་ གནམ་གྲུ་ཐང་གི་ རྒྱུག་ལམ་གྱི་ས་ཁོངས་དེ་ རྒྱུག་ལམ་ལྟེ་བ་ལས་ ཉུང་ཤོས་མི་ཊར་༧༥ འི་ས་ཁར་བཞག་དགོཔ་མ་ཚད་ མཐའམ་༢ ཆ་ར་ལུ་ རྒྱུག་ལམ་མཇུག་གི་ ཉེན་སྲུང་ས་ཁོངས་དེ་ མི་ཊར་༩༠བཞག་དགོཔ་ཨིན་པས།
ད་རེས་ སྤ་རོ་རྒྱལ་སྤྱི་གནམ་ཐང་གི་ རྒྱུག་ལམ་མཐའམ་དེ་ མི་ཊར་༤༥ རྐྱངམ་གཅིག་ཨིནམ་ད་ ལྷོ་ཕྱོགས་ཁ་ཐུག་ལུ་ རྒྱུག་ལམ་མཇུག་གི་ ཉེན་སྲུང་ས་ཁོངས་མེད་མི་ལུ་བརྟེན་ རྒྱ་སྐྱེད་འབད་དགོཔ་བྱུང་ནུག།
ས་ཆ་མཁོ་སྒྲུབ་ཀྱི་ གོ་རིམ་དང་པ་ནང་ ལྷོ་ཁ་ཐུག་ལུ་ རྒྱུག་ལམ་མཇུག་གི་ ཉེན་སྲུང་ས་ཁོངས་ གཞི་བཙུགས་འབད་ནི་དང་ ཁྱུང་དུང་མཁར་ཁ་ཐུག་ལུ་ རྒྱུག་ལམ་རྒྱ་སྐྱེད་འབད་ནི་ལུ་ གཙོ་བོར་བཏོན་ནི་ཨིན་པས།
གནམ་གྲུ་ཐང་གི་ འཛིན་སྐྱོང་པ་གིས་ སླབ་མིའི་ནང་ བོང་སྡེ་ཁ་ཐུག་གི་ས་ཁོངས་དེ་ ས་ཁོངས་དམརཔོ་སྦེ་ ངོས་འཛིན་འབད་ཡོདཔ་བཞིན་དུ་ ས་ཁོངས་དེ་ གནམ་གྲུའི་འཕུར་འགྲུལ་དང་ ཐག་ཉེ་ནི་དེ་གིས་ གཞིས་ཆགས་ཀྱི་གནང་བ་མེད་ཟེར་ཨིན་པས།
གོ་རིམ་དང་པའི་ནང་ སྒེར་གྱི་ས་ཆའི་ཇོ་བདག་༨༧ ལུ་ ཐོ་ཕོག་ནི་ཨིནམ་ད་ མོ་གིས་སླབ་མིའི་ནང་ ཁོང་གི་ཁྱིམ་ཚུ་ བརྡལ་བཤིག་གཏང་དགོཔ་ཨིན་རུང་ ས་ཚབ་བྱིན་ཚར་བའི་ཤུལ་ལས་ ཁྱིམ་ཚུ་ བཟོ་ཚར་ཞིནམ་ལས་རྐྱངམ་གཅིག་ ཨིན་ཟེར་ཨིན་པས།
གོ་རིམ་དང་པ་དེ་ མཇུག་བསྡུ་བའི་ཤུལ་ལས་ གོ་རིམ་གཉིས་པམ་དེ་ སྤ་རོ་ ཤེས་རིག་མཐོ་རིམ་སློབ་གྲྭའི་ཉེ་འདབས་ལུ་ བྱང་ཕྱོགས་ཁ་ཐུག་གི་ རྒྱུག་ལམ་ལས་ འགོ་བཙུགས་ནི་ཨིནམ་ད་ དེ་ནང་ སྒེར་གྱི་ས་ཆའི་ཇོ་བདག་༩༧ དེ་ཅིག་ལུ་ ཐོ་ཕོག་ནི་ཨིན་པས།
མཇུག་གི་གོ་རིམ་དེ་ནང་ ཁང་ཁུ་ས་ཁོངས་ཚུད་ནི་ཨིནམ་ད་ དེ་ཡང་ གཙོ་བོ་གཞུང་ས་ཚུད་ནི་ཨིནམ་ལས་ སའི་ཇོ་བདག་༡ རྐྱངམ་ཅིག་ལུ་ ཐོ་ཕོག་ནི་ཨིནམ་ད་ ས་ཁོངས་དེ་ གནམ་གྲུ་ཐང་དང་འབྲེལ་བའི་ ལག་ལེན་མེད་པའི་ མཐུན་རྐྱེན་ཚུ་གི་དོན་ལུ་ སྤྱོད་ནི་ཨིན་མས།
ད་ལྟོ་ ལས་འབྲེལ་ཚོགས་ཆུང་གིས་ ས་ཆ་མཁོ་སྒྲུབ་ཀྱི་སྐོར་ལས་ སྙན་ཞུ་ཅིག་བཟོ་དོ་ཡོདཔ་ད་ སྙན་ཞུ་དེ་ གཞུང་ལུ་ ཆ་འཇོག་འབད་ནིའི་དོན་ལས་ ཕུལ་ནི་ཨིནམ་ད་ ཆ་འཇོག་གྲུབ་པའི་ཤུལ་ལས་ རྒྱ་སྐྱེད་ཀྱི་ལཱ་ཚུ་ འགོ་བཙུགས་ནི་ཨིན་པས།
ད་ཚུན་གྱི་བར་ན་ ཚོགས་ཆུང་གིས་ འབྲེལ་གཏོགས་ཅན་གྱི་ ཞལ་འཛོམས་ཐེངས་༢ དང་ ལས་བྱེད་ཚོགས་ཆུང་གི་ ཞལ་འཛོམས་ཐེངས་༢ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཡང་ དྭངས་གསལ་དང་ མི་སྡེའི་གྲལ་གཏོགས་ ངེས་བརྟན་བཟོ་ནིའི་དོན་ལུ་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།