༉ ལྟ་བཤལ་ལམ་སྟོན་པ་དང་ ཁྲིམས་སྲུང་འགག་པ་ དེ་ལས་ ལྟ་བཤལ་པའི་ བཱསི་གི་དེད་གཡོགཔ་ཚུ་གིས་ སྤ་རོ་སྟག་ཚང་མཇལ་མི་ ལྟ་བཤལ་པའི་འཐུས་བསྡུ་མི་ཚུ་ ཚུལ་མིན་འཐབ་པའི་བྱ་ངན་ནང་ ཐད་ཀར་དུ་ འབྲལ་གཏོགས་འབད་ཡོདཔ་ཨིན་པས།
གནད་དོན་འདི་ལུ་བརྟེན་ ཁྲིམས་སྲུང་འགག་པ་༣༠ ལྷགཔ་ཅིག་ བཏོན་བཏང་ཡོདཔ།
དེ་ཡང་ རམ་ཐང་ཀ་ལུ་ གཞི་བཙུགས་འབད་ཡོད་པའི་ ཤོག་འཛིན་བཏོག་ས་ལས་ སྟག་ཚང་གནས་མཇལ་མི་ ལྟ་བཤལཔ་རེ་གིས་ འཐུས་དངུལ་ཀྲམ་༡,༠༠༠ རེ་ སྤྲོད་དགོཔ་ཨིན་པས།
སྤྱིར་བཏང་ལྟ་བཤལཔ་ཚུ་གིས་ འབྲུག་ནང་འཁོད་ལུ་ གནས་ཀྱི་ས་ཁོངས་༧ ངོས་འཛིན་འབད་དེ་ཡོད་མི་ཚུ་ནང་ འཛུལ་འཐུས་ཚུ་ སྤྲོད་དགོཔ་ཨིན་པས།
དེ་གི་གྲངས་སུ་ སྤ་རོ་སྐྱིད་ཆུ་དང་ སྟག་ཚང་ རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ ལྕང་སྒང་ཁ་ལྷ་ཁང་ ཐིམ་ཕུག་ བཀྲིས་ཆོས་རྫོང་ སྤུ་ན་ཁ་རྫོང་ དེ་ལས་ ཁྱི་མེད་ལྷ་ཁང་ཚུ་ཚུདཔ་ཨིན་པས།
སྤ་རོ་སྟག་ཚང་ལུ་འབད་བ་ཅིན་ ལྟ་བཤལཔ་ཚུ་གིས་ འཛུལ་འཐུས་དངུལ་ཀྲམ་༥༠༠ རེ་སྤྲོད་དགོཔ་ད་ དེ་ཁར་ གཞུང་འབྲེལ་དུ་འོང་མི་ ལྟ་བཤལཔ་དང་ སྒེར་གྱི་ལྟ་བཤལཔ་ཚུ་ཡང་ ཚུདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༣ པའི་ནང་འཁོད་ལུ་ སྤ་རོ་སྟག་ཚང་མཇལ་མི་ཚུ་ལས་ འཐུས་དངུལ་ཀྲམ་ས་ཡ་༦.༦ བསྡུ་ལེན་འབད་ཡོདཔ་ད་ ཐིམ་ཕུག་ལུ་ དངུལ་ཀྲམ་ས་ཡ་༤ དང་ སྤུ་ན་ཁ་ལུ་ དངུལ་ཀྲམ་ས་ཡ་༧ བསྡུ་ལེན་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༣ པ་ཚུན་ ལྟ་བཤལཔ་རྒན་ཤོས་༥,༢༧༧ དང་ ལྟ་བཤལཔ་སློབ་ཕྲུག་༡༦༧ གྱིས་ སྟག་ཚང་མཇལ་ཡོདཔ་ད་ སློབ་ཕྲུག་ཚུ་ལུ་ འཐུས་བརྒྱ་ཆ་༥༠ ཕབ་ཆག་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ཧ་གོ་དོ་བཟུམ་འབད་བ་ཅིན་ ལམ་སྟོན་པ་ཚུ་གིས་ ཚུལ་མིན་འཐབ་མི་དེ་ཡང་ ཁོང་རའི་ལྟ་བཤལཔ་ཚུ་ སྟག་ཚང་གི་ས་ཁོངས་ སྤྲོ་སེང་ཁང་ཚུན་སོང་ཞིནམ་ལས་ སྟག་ཚང་མཇལ་བར་ མ་འགྱོ་མི་ཚུ་ལུ་ཡང་ འཐུས་ཕོག་རིམ་གྱི་ ཚུལ་མིན་འཐབ་ཡོདཔ་སྦེ་ཨིན་པས།
ལོ་རྒྱུས་གོ་དོ་བཟུམ་འབད་བ་ཅིན་ ལྟ་བཤལ་ལམ་སྟོན་པ་དང་ ཁྲིམས་སྲུང་འགག་པ་ དེ་ལས་ དེད་གཡོགཔ་ཚུ་གི་བར་ན་ ཚུལ་མིན་ཐོག་ འཐུས་བསྡུ་ལེན་འབད་མི་དེ་ བགོ་བཤའ་རྐྱབ་དོ་ཡོདཔ་སྦེ་ཨིན་པས།
ཕྱོགས་གཅིག་ལས་ ལྟ་བཤལཔ་ལ་ལོ་ཅིག་ ཁོང་རའི་ ལམ་སྟོན་པ་ཚུ་དང་གཅིག་ཁར་ སྟག་ཚང་ལུ་ ལྷོད་མ་ཚུགས་མི་ཚུ་ལུ་ཡང་ ཤོག་འཛིན་གྱི་ ཚུལ་མིན་འཐབ་ཡོདཔ་སྦེ་ཨིན་པས།
མ་གཞི་ སྟག་ཚང་གནས་ཀྱི་ སྒོ་ར་ལུ་ལྷོདཔ་ད་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་ཞིནམ་ལས་ ཤོག་འཛིན་དོང་སྤེད་དེ་ ལྟ་བཤལ་པའི་མིང་ཐོ་ཚུ་ མ་ཡིག་ནང་ བཀོད་དོ་ཡོདཔ་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ འཐུས་བསྡུ་ལེན་འབད་ནི་ཚུ་ གནས་ཀྱི་ས་ཁོངས་ནང་ འཛིན་སྐྱོང་འཐབ་དོ་ཡོདཔ་ད་ རྫོང་ཁག་རྩིས་འཛིན་པ་གིས་ མ་དངུལ་ཚུ་ ཉིན་བསྟར་དང་ ཡང་ཅིན་ བདུན་ཕྲག་གི་ཐོག་ལུ་ བསྡུ་ལེན་འབད་དེ་ ལྟ་བཤལ་པའི་གྱངས་ཁ་དང་ ཤོག་འཛིན་གྱི་གྱངས་ཁ་ཚུ་ ཞིབ་དཔྱད་འབད་དོ་ཡོདཔ་ཨིན་པས།
འཐུས་བསྡུ་ལེན་འབད་མི་ མ་དངུལ་ཚུ་ རྫོང་ཁག་གི་ རྩིས་ཁྲ་ནང་བཙུགས་དོ་ཡོདཔ་ཨིན་པས།
མ་དངུལ་བསྡུ་ལེན་འབད་མིའི་ནང་ལས་ རྫོང་ཁག་གིས་ དངུལ་ཀྲམ་༣༠༠,༠༠༠ ས་ཁོངས་ཚུ་ནང་ གོང་འཕེལ་གྱི་ ལས་སྣའི་དོན་ལུ་ རྒྱལ་ཡོངས་དགོན་སྡེ་ལྟ་རྟོག་མ་དངུལ་ཚོགས་ཆུང་གིས་ ཆ་འཇོག་འབད་བའི་ཤུལ་ལུ་ ལག་ལེན་འཐབ་ཆོགཔ་སྦེ་ཡོདཔ་ཨིན་པས།
གཞུང་གིས་ གནས་དང་ དགོན་སྡེ་མཇལ་མིའི་ ཤོག་འཛིན་རིམ་ལུགས་ཚུ་ ཡོངས་འབྲེལ་ཐོག་ལུ་ འགོ་བཙུགས་ཡོད་རུང་ དེ་ཅིག་ར་ ལག་ལེན་འཐབ་མི་མེདཔ་ཨིན་པས།
ལྟ་བཤལ་ལམ་སྟོན་ཚོགས་སྡེ་གིས་ བཤད་མིའི་ནང་ ད་ལྟོ་ ཁོང་ཆ་ཁྱབ་ ཁྲིམས་སྲུང་འགག་པའི་ སྙན་ཞུ་ལུ་བསྒུགས་ཏེ་ ཡོད་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ ཁ་ཐུག་ལས་འབད་བ་ཅིན་ དབྱེ་ཞིབ་ཚུ་ འབད་བའི་བསྒང་ཡོད་རུང་ བརྡ་དོན་ཁ་གསལ་བྱིན་ནི་ལུ་ ངོས་ལེན་འབད་མི་བཏུབ་པས་ཟེར་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ གནད་དོན་འདི་དང་ཅོག་འཐདཔ་སྦེ་ ཁྲིམས་སྲུང་འགག་པ་གིས་ སྤུ་ན་ཁ་རྫོང་དང་ ལྷ་ཁང་མཇལ་མི་ཚུ་ལས་ འཐུས་བསྡུ་ལེན་འབད་མིའི་ གནད་དོན་ཐོག་ ཞིབ་དཔྱད་ཚུ་ འབད་དོ་ཡོད་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement