༉ སྤུ་ན་ཁ་ གྲོང་གསེབ་མགྲོན་སྐྱོང་ཁང་གིས་ ས་གནས་ཀྱི་ མི་ཚེའི་གནས་སྟངས་ལུ་ རྒྱབ་སྐྱོར་འབད་ཚུགས་པའི་ཁར་ ཉམས་ཉེན་ཅན་གྱི་ ཆུ་བྱ་ཕོཝ་དཀརཔོ་ཉམས་སྲུང་འབད་ནི་ལུ་ ཕན་ཐོགས་བྱུང་ཚུགས་པའི་ཁར་ ཆུ་བྱ་ཚུ་ཡང་ སྤུ་ན་གཙང་ཆུའི་ ཕོ་ཆུ་དང་ མོ་ཆུའི་མཐའམ་བདའ་སྟེ་ འཁྱམས་སྡོད་དོ་ཡོདཔ་ལས་ ལྟ་བཤལ་ལུ་འོང་མི་ཚུ་གིས་ སྔར་སྲོལ་གྱི་ལམ་སྲོལ་ཚུ་ ཉམས་མྱོང་ཐོབ་ཚུགསཔ་མ་ཚད་ ཉམས་ཉེན་ཅན་གྱི་ ཆུ་བྱ་ཚུ་གི་སྐོར་ལས་ ཤེས་རྟོགས་འབྱུང་ནི་ཚུ་ཡང་ ཡོདཔ་ཨིན་པས།
མགྲོག་སྐྱོང་ཁང་ཚུ་གི་གྲས་ལས་ དཀར་སྦྱིས་ས་ལུ་ དམ་ཅི་མགྲོན་སྐྱོང་ཁང་གི་ཇོ་བདག་ སྐྱེས་ལོ་༣༨ ལང་མི་ ཀུན་ལེགས་སྒྲོལ་མ་གིས་ འབད་བ་ཅིན་ ཆུ་བྱ་ཕོལཝ་དཀརཔོ་ལུ་བརྟེན་ ངེ་གི་ཚོང་འབྲེལ་དེ་ ལེགས་ཤོམ་སོང་ཡི་ཟེར་ཨིནམ་ད་ གལ་སྲིད་ ཆུ་བྱ་དེ་ ས་གནས་ནང་མེདཔ་འདྲཝ་འབད་བ་ཅིན་ ང་གིས་ མགྲོན་སྐྱོང་ཁང་གི་ཚོང་འབྲེལ་དེ་ འགོ་མ་བཙུགསཔ་འོང་ཟེར་ཨིནམ་བཞིན་དུ་ ད་ལྟོ་ ཚོང་འབྲེལ་དེ་གིས་ ངེ་གི་ཟ་ཚང་ འཚོ་སྐྱོང་འཐབ་ཚུགས་ཏེ་ཡོད་ཟེར་ཨིན་པས།
ཀུན་ལེགས་ཀྱིས་ ཉིནམ་ཨ་རྟག་ར་ ཉམས་སྲུང་ཅན་གྱི་ ཆུ་བྱ་འཁྱམས་སའི་ མོ་ཆུ་གི་མཐའམ་བདའ་སྟེ་ རྐང་ཐང་སྦེ་ འགྱོཝ་ཨིན་ཟེར་ཨིནམ་ད་ མོ་གིས་ཡང་ བྱ་དེ་ག་དེམ་ཅིག་ གལ་ཆེཝ་ཨིན་ན་ཚུ་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་འབད་དོ་ཡོདཔ་ད་ མོ་གིས་ ལོ་རྒྱུས་ཚུ་ མགྱོནམོ་དང་ ཁྱིམ་ཚང་ དེ་ལས་ མོ་རའི་ཆ་རོགས་ཚུ་ལུ་བཤད་དེ་ སླབ་དོ་ཡོདཔ་ཨིན་པས།
རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ འབྲུག་གི་སྐྱེ་ལྡན་རིགས་སྣ་ཚུ་ སྲུང་སྐྱོབ་འབད་ནི་ལུ་ རྩ་འགེངས་དོ་ཡོདཔ་ད་ དམིགས་བསལ་གྱི་ སྤུ་ན་གཙང་ཆུ་དང་ མང་སྡེ་ཆུའི་མཐའམ་བདའ་སྟེ་ ཆུ་བྱ་ཕོརཝ་དཀརཔོ་ཚུ་ལུ་ བལྟ་དོ་ཡོདཔ་བཞིན་དུ་ ཡིག་ཚང་གིས་ ཉམས་སྲུང་གི་གོ་བ་བརྡ་སྤྲོད་དང་ ཡུན་བརྟན་གྱི་མི་ཚེའི་གནས་སྟངས་ལུ་ གོ་སྐབས་ཚུ་ཡོད་པའི་ ཤེས་ཚོར་བྱིན་དོ་ཡོདཔ་ཨིན་པས།
རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ ཡུན་བརྟན་འཚོ་ཐབས་སྡེ་ཚན་གྱི་ ལས་འགུལ་འགོ་དཔོན་ ཁ་ཅི་དབང་མོ་གིས་ བཤད་མིའི་ནང་ མི་སྡེ་གཞི་རྟེན་ལྟ་བཤལ་གྱིས་ མཐའ་འཁོར་གནས་སྟངས་ཉམས་སྲུང་འབད་བའི་སྐབས་སུ་ མི་སྡེ་དཔལ་འབྱོར་ཡུན་རིང་གི་ རྒྱབ་སྐྱོར་འབད་ནིའི་ འགན་ཁུར་འབགཔ་ཨིན་ཟེར་ཨིན་པས།
མི་སྡེ་གཞི་རྟེན་ལྟ་བཤལ་དེ་ འཚོ་ཐབས་ལས་རིམ་གྱི་ གཙོ་རིམ་ཅིག་སྦེ་ མི་སྡེ་དཔལ་འབྱོར་ཡུན་བརྟན་ནང་ ཉམས་སྲུང་ག་དེ་སྦེ་ འབད་དོ་ཡོདཔ་ཨིན་ན་ཚུ་ གསལ་སྟོན་འབད་དོ་ཡོདཔ་ཨིན་པས།
རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ རྫོང་ཁག་༦ ནང་ གྲོང་གསེབ་མགྲོན་སྐྱོང་ཁང་གོང་འཕེལ་དོན་ལུ་ རྒྱབ་སྐྱོར་ཚུ་འབད་དོ་ཡོདཔ་ད་ འདི་གི་གྲངས་སུ་ སྤུ་ན་ཁ་ དབང་འདུས་ རྩི་རང་ཚུ་ཡང་ ཚུད་དོ་ཡོད་མི་དེ་ཡང་ དེ་ཚུ་ནང་ལས་ མཐའ་འཁོར་གནས་སྟངས་དང་ ལམ་སྲོལ་ཚུ་ ཉམས་སྲུང་འབད་དོ་ཡོད་མི་ལུ་བརྟེན་ཨིནམ་བཞིན་དུ་ ལས་འགུལ་གྱིས་ སྣ་ཚོགས་འཚོ་ཐབས་དང་ ཡུན་བརྟན་གོང་འཕེལ་ལག་ལེན་ གནམ་གཤིས་འགྱུར་བགྲོད་ཀྱི་ གདོང་ལེན་འབད་ནི་ ལ་སོགས་པ་ཚུ་ཡོདཔ་ཨིན་པས།
འཛོམས་མི་རྒེད་འོག་ རྩེ་ཁ་གཡུས་ཚན་ལས་ གྲོང་གསེབ་མགྲོན་སྐྱོང་ཁང་ ལག་ལེན་འཐབ་མི་ སྐྱེས་ལོ་༥༨ ལང་མི་ བློ་གྲོས་རྒྱལ་མཚན་གྱིས་ འབད་བ་ཅིན་ ཁོ་གིས་ ཉམས་སྲུང་གི་ལས་དོན་ནང་ སྦྱོང་བརྡར་ལས་རིམ་དེ་ ན་ཧིང་ལས་འགོ་བཙུགས་ཅི་ཟེར་ཨིནམ་ད་ འདི་ལས་ཚུར་ ཁོ་གིས་ མགྲོང་སྐྱོང་ཁང་ནང་ མགྱོནམོ་༦༠ བཞག་ཐོག་ལས་ ཆུ་བྱ་ཕོརཝ་དཀརཔོ་གི་ གོ་བ་བརྡ་སྤྲོད་ཚུ་འབད་ཡི་ཟེར་ཨིན་པས།
ང་གིས་ ན་ཧིང་ ངེ་གི་མགྲོན་སྐྱོང་ཁང་གི་ ཉེ་འདབས་ལུ་ ཆུ་བྱ་ཕོརཝ་དཀརཔོ་ཅིག་ མཐོང་ཅི་ཟེར་ཨིནམ་ད་ འདི་གི་ཤུལ་ལས་ ད་ཚུན་ལུ་ ཕུད་རྡོག་ཅིག་ཡང་ མཐོང་མ་ཚུགས་ཟེར་ཨིནམ་བཞིན་དུ་ ང་གིས་ དུས་རྒྱུན་དུ་ར་ གཙང་ཆུའི་མཐའམ་བདའ་སྟེ་ ལྟ་རྟོག་འབད་ཐོག་ལས་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་ལུ་ དུས་མཐུན་སྙན་ཞུ་ཚུ་ འབད་དོ་ཟེར་ཨིན་པས།
དུས་ཅི་ འཛོམས་གླིང་ཐང་ནང་ གྲོང་གསེབ་མགྱོན་སྐྱོང་ཁང་བཙུགས་མི་ ཨམ་སྤེནམ་བཟངམོ་གིས་ ཟླཝ་དག་པ་ཅིག་ནང་ར་ མགྱོནམོ་༥༠ དེ་ཅིག་ལྷོད་ཡོདཔ་ད་ མོ་གི་ཁྱིམ་ཚང་ཚུ་བཟུམ་སྦེ་ར་ ལྟ་བཤལ་ལུ་འོང་མི་ཚུ་ལུ་ ཆུ་བྱ་ཕོརཝ་དཀརཔོ་གི་སྐོར་ལས་ གལ་ཆེ་ཧིང་གི་ལོ་རྒྱུས་ཚུ་ སླབ་བྱིནམ་ཨིན་ཟེར་ཨིན་པས།
སྤུ་ན་ཁ་ལུ་ གྲོང་གསེབ་མགྲོན་སྐྱོང་ཁང་༢༡ ཡོད་མི་རེ་རེ་ལུ་ གོང་འཕེལ་གྱི་དོན་ལུ་ དངུལ་ཀྲམ་༢༩,༥༦༠ རེ་བྱིན་ཡོདཔ་ད་ འཆར་དངུལ་དེ་ ལག་ལེན་ཚུལ་བཞིན་འཐབ་ནིའི་དོན་ལུ་ གན་ཡིག་གུ་མིང་རྟགས་ཚུ་བཀོད་ཡོདཔ་ད་ ཁོང་ཆ་ཁྱབ་ཀྱི་གྲས་ལས་ མགྲོན་སྐྱོང་ཁང་༨ ལུ་ ལྟ་བཤལ་ལས་ཁུངས་ཀྱིས་ ངོས་འཛིན་ཡི་གུ་ཚུ་ཡང་ བྱིན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ ལུ་ ཆུ་བྱ་ཕོརཝ་དཀརཔོ་གི་ ལོ་བསྟར་གྱངས་ཁ་དེ་༢༥ ཡོདཔ་ད་ འཛམ་གླིང་ནང་ཆུ་བྱ་ཕོརཝ་དཀརཔོ་༦༠ ཡོད་ས་ལས་ འབྲུག་རྒྱལ་ཁབ་ནང་འབད་བ་ཅིན་ ཆུ་བྱ་ཕོརཝ་དཀརཔོ་བརྒྱ་ཆ་༤༥ ཡོདཔ་སྦེ་ ངོས་འཛིན་འབད་དེ་ཡོདཔ་ཨིན་པས།
གྲོང་གསེབ་མགྲོན་སྐྱོང་ཁང་ཚུ་གིས་ ལྟ་བཤལཔ་ཚུ་ འབྲུག་ལུ་སྡོད་ནི་རྐྱངམ་གཅིག་མེན་པར་ འཛམ་གླིང་ནང་ རབ་ཆད་ཉེན་ཡོད་པའི་བྱ་རིགས་ཚུ་ ཉམས་སྲུང་དང་ དེ་གི་སྡོད་གནས་ཚུ་ བལྟ་དོ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།