༉ སྤུ་ན་ཁ་རྫོང་གི་ བྱང་ཕྱོགས་ཁ་ཐུག་ལུ་ཡོད་པའི་ དུར་ཁྲོད་དེ་ ཁྲོམ་སྡེའི་ས་ཁོངས་ནང་ དུར་ཁྲོད་གཅིག་མ་གཏོགས་མེདཔ་ཨིན་རུང་ དུར་ཁྲོད་དེ་ གནས་སྟངས་སྐྱོ་སི་སི་ཡོད་མི་ལུ་བརྟེན་ ཉམས་བཅོས་འབད་དགོཔ་མ་ཚད་ དམིགས་བསལ་གྱི་གསང་སྤྱོད་དེ་ ཁམས་ལོག་སི་སི་སྦེ་ ཡོདཔ་ཨིན་པས།
གསང་སྤྱོད་ཀྱི་སྒོ་ཚུ་ བཅགས་དཀྲུམས་འབད་བའི་གུ་ བལྟ་ར་མ་ཚུགསཔ་སྦེ་ཡོདཔ་མ་ཚད་ གསང་སྤྱོད་ལག་ལེན་འཐབ་ནི་ལུ་ གདོང་ལེན་སྦོམ་ཡོད་མི་ལུ་བརྟེན་ མི་ཚུ་གིས་ ཆབ་གསང་ཚུ་ གསང་སྤྱོད་ཀྱི་ཕྱི་ཁ་ལས་ཕར་ འབད་དོ་ཡོདཔ་ཨིན་པས།
དེ་མ་ཚད་ ཕྱགས་སྙིགས་ཚུ་ གསང་སྤྱོད་ཀྱི་རྒྱབ་ཁ་ལས་ཕར་ བཀོག་བཞག་ནི་དེ་གིས་ མི་ཚུ་གིས་འབད་རུང་ བཞེས་སྒོའི་རིགས་ ལྷག་ལུས་ཐོན་མི་ཚུ་ག་ར་ སྣང་དག་མེད་པར་ ས་ཁོངས་ཚུ་ནང་བཀོགཝ་མ་ཚད་ འཐུང་ཆུའི་མཆུ་ཏོག་ཚུ་ བཅགས་ཡོད་ནི་དེ་གིས་ ཉིན་ནུབ་མེད་པར་ ཆུ་ཐོནམ་ཐོན་སར་ སྡོད་དོ་ཡོདཔ་ལས་ དེ་གིས་ འཐུང་ཆུ་ལང་མ་ཚུགས་པའི་དཀའ་ངལ་ལུ་ ལྷན་ཐབས་འབདཝ་ཨིན་པས།
ཐབ་ཚང་ནང་འབད་བ་ཅིན་ ཕྱགས་སྙིགས་ག་ལྷོད་བཀོག་ནི་དེ་གིས་ ཕྱགས་སྙིགས་ཀྱིས་གང་ཡོདཔ་ད་ གྱིབ་ཀྱི་དམ་སྦྱིས་ཚུ་གིས་ཁྱབ་སྟེ་ཡོདཔ་མ་ཚད་ གསང་སྤྱོད་ཀྱི་དོང་ཚུ་ནང་ རྩང་དུམ་ལ་སོགས་པ་བཙུགས་མི་གིས་ ཆུ་འགྱོ་ནི་ལུ་ ཐོགས་ལུས་དོ་ཡོདཔ་ད་ བཙོག་གཡུར་ཚུ་ཡང་ ག་ར་བསུབས་ཡོདཔ་ལས་ བཙོག་ཆུ་འགྱོ་ས་མེད་པར་ ས་ཁོངས་ཀྱི་གནས་སྟངས་དེ་ གཙང་སྦྲ་དང་མ་ལྡནམ་སྦེ་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ དྲི་བཀོད་འབདཝ་ད་ སྤུ་ན་ཁ་རྫོང་བདག་ ཐུགས་རྗེ་ཚེ་རིང་གིས་ དུར་ཁྲོད་ཀྱི་གནས་སྟངས་དང་ ཞབས་ཏོག་སྐོར་ལས་ ལོ་རྒྱུས་ཚུ་སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ རྫོང་ཁག་གི་ཁ་ཐུག་ལས་ དུར་ཁྲོད་ཁར་ རྒྱུན་སྐྱོང་ཚུ་ ཚུལ་ལྡན་ཐབས་མ་ཚུགས་པའི་སྐབས་ལུ་ མི་སེར་ཚུ་གིས་འབད་རུང་ འཕྲོ་མཐུད་དེ་ར་ ཕྱགས་སྙིགས་ཚུ་ བཀང་ཡོདཔ་མ་ཚད་ གསང་སྤྱོད་དེ་ གནས་སྟངས་སྐྱོ་དྲགས་ཅིག་ལུ་ བཟོ་ད་ནུག་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ རྫོང་ཁག་གི་ཁ་ཐུག་ལས་ ཉམས་བཅོས་དུམ་གྲ་རེ་འབད་མི་ཚུ་ཡང་ གློག་མེ་དང་ འཐུང་ཆུ་བཀྲམ་སྤེལ་ཚུ་ འབདཝ་ཨིན་ཟེར་ཨིན་པས།
ང་བཅས་ཀྱི་ཁ་ཐུག་ལས་ དུར་ཁྲོད་དེ་ གཙང་སྦྲ་དང་ལྡནམ་སྦེ་ བཞགཔ་ཨིན་ཟེར་ཨིན་པས།
གསང་སྤྱོད་དེ་ཁ་ལས་ བཙོག་དྲི་བསྣམས་མི་ལུ་བརྟེན་ ལྟ་བཤལཔ་དང་ ལམ་སྟོན་པ་ དེ་ལས་ ས་གནས་ཀྱི་མི་སེར་ཚུ་གིས་ བཙོག་དྲི་ལུ་བརྟེན་པའི་ ཚ་གྱང་ཡོད་ལུགས་ཚུ་ བཤད་དོ་ཡོདཔ་ཨིན་པས།
དེ་ལས་ ས་གནས་ནང་ སྤྲིངས་ཟམ་རིང་ཤོས་ཅིག་ཨིན་མི་ ཕོ་ཆུ་ཁ་ཐུག་གི་ ཟམ་དེ་གིས་ ཆུ་སྦུག་དང་ འཛོམས་མི་རྒེད་འོག་གཉིས་ མཐུད་སྦྲེལ་འབད་དོ་ཡོདཔ་བཞིན་དུ་ དེ་ཁར་འགྲོ་འགྲུལ་འབད་མི་ཚུ་ཡང་ ས་ཁོངས་ནང་ མི་མང་གི་ གསང་སྤྱོད་ལེགས་ཤོམ་ཅིག་མེད་མི་ལུ་བརྟེན་ སྟབས་མ་བདེཝ་སྦོམ་ར་ ཐོན་དོ་ཡོདཔ་ཨིན་པས།
མཐུན་རྐྱེན་གཞན་མེད་མི་ལུ་བརྟེན་ ལྟ་བཤལཔ་ཚུ་ཡང་ དུར་ཁྲོད་ཀྱི་སྦོ་ལོགས་ཁར་ཡོད་པའི་ གསང་སྤྱོད་དེ་ར་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
སྤྲིངས་ཟམ་གུ་ལས་ཕར་ དར་ཚུ་འཕྱར་ཡོདཔ་ད་ ཟམ་དེ་ ལྟ་བཤལཔ་འོང་སའི་ ས་ཁོངས་གཙོ་བོ་ཅིག་ལུ་གྱུར་ཡོདཔ་བཞིན་དུ་ ཟམ་དེ་ལུ་བརྟེན་ ལྟ་བཤལཔ་ཚུ་ འོང་དོ་ཡོད་པའི་གུ་ ལམ་སྟོན་པ་ཚུ་གིས་འབད་རུང་ ལྟ་བཤལཔ་ཚུ་ ས་གནས་ནང་ཁྱིད་དེ་ འགྱོ་དོ་ཡོདཔ་ཨིན་པས།
གནས་སྟངས་གཞན་མི་ཅིག་ནང་འབད་བ་ཅིན་ ལྟ་བཤལ་པའི་ ལམ་སྟོན་པ་གིས་ འཆར་སྣང་བཤད་མི་དང་འཁྲིལཝ་ད་ ས་ཁོངས་ནང་ལྷོད་དེ་ ལྟ་བཤལཔ་ཚུ་གིས་ ཆབ་གསང་འབད་དགོ་པའི་སྐོར་ལས་ ཁོ་ལུ་སླབ་ད་ འབད་ཐབས་གཞན་ག་ནི་ཡང་མེདཔ་ལས་ དུར་ཁྲོད་ཁར་ཡོད་པའི་ གསང་སྤྱོད་ནང་ ཁྱིད་བསྐྱལཝ་ཨིན་ཟེར་ཨིན་པས།
དེ་གི་སྐབས་ལུ་ ང་ར་ ལོ་རྒྱུས་ར་ སླབ་མ་ཚུགས་པར་ ངོ་ཚ་སྡོད་དགོ་པས་ཟེར་ཨིན་པས།
ལྟ་བཤལཔ་སྐྱེལ་ལེན་འབད་མི་ སྣུམ་འཁོར་གྱི་དེད་གཡོག་གིས་ བཤད་མིའི་ནང་ ཁོ་གིས་ ལྟ་བཤལཔ་ཚུ་འབག་སྟེ་ དུར་ཁྲོད་ཀྱི་སྣུམ་འཁོར་བཞག་ཐང་ནང་ བཞག་དོ་ཡོདཔ་ལས་ དེ་སྐབས་གསང་སྤྱོད་དེ་ ག་ནི་བ་ ཁམས་ལོག་སི་སི་ཡོདཔ་སྦེ་ མཐོངམ་མས་ཟེར་ཨིན་པས།
ལྟ་བཤལཔ་ཚུ་ ཉམས་དགའ་བའི་ཐོག་ལུ་ ཐང་ནང་ལས་ཕར་ བཤལ་འགྱོཝ་ད་ གནས་སྟངས་དེ་གིས་ ཐབས་སྐྱོ་དྲགས་ཅིག་སྦེ་ མཐོང་གསལ་བྱུངམ་མས་ཟེར་ཨིན་པས།
སྤུ་ན་ཁ་རྫོང་ཁག་བདག་སྐྱོང་གིས་ གསང་སྤྱོད་དང་ ངལ་འཚོ་ས་ཚུ་ བཟོ་སྐྲུན་འབད་ནིའི་འཆར་གཞི་ཡོདཔ་ད་ རྐང་ལམ་ཚུ་ཡང་ སྤྲྲིངས་ཟམ་ཚུན་ ལེགས་བཅོས་འབད་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ལྟ་བཤལཔ་དང་ ས་གནས་ཀྱི་མི་སེར་ཚུ་ རྐང་ལམ་ལེགས་ཤོམ་མེད་མི་ནང་ལས་ རྐང་ཐང་སྦེ་ འགྱོ་དགོཔ་ད་ དེ་ཁར་ གནམ་བྱཱར་འབདཝ་ད་ འདམ་ཐོན་ཏེ་ འགྱེལ་ཏ་རྐྱབ་དོ་ཡོདཔ་ཨིན་པས།
རྫོང་བདག་གིས་འབད་བ་ཅིན་ རྫོང་ཁག་བདག་སྐྱོང་གིས་ ལྟ་བཤལ་ལས་ཁུངས་ལས་ འཆར་དངུལ་ཚུ་ དགོ་པའི་གྲོས་འཆར་བཙུགས་ཡོདཔ་ལས་ ད་ལྟོ་ འཆར་དངུལ་ལུ་ བསྒུགས་ཏེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement