༉ མེ་ག་ཝཱཊ་༡,༠༢༠ འབད་མི་ དབང་འདུས་ཕོ་བྲང་ལུ་ཡོད་པའི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ གློག་མེ་འཕྲུལ་ཁང་ནང་ ཆུ་འཛགས་མི་ལུ་བརྟེན་ ཤུལ་མའི་ཟླཝ་༣ ནང་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༣.༡༨ རྒུད་ཕོག་ནི་ཨིན་པས།
དེ་ཡང་ གློག་མེ་ལས་འགུལ་གྱི་ སྤྱོད་འཐུས་གྲོས་འཆར་ བཀོད་མི་དང་འཁྲིལ་ཏེ་ཨིནམ་བཞིན་དུ་ ད་ལྟོ་ སྤྱོད་འཐུས་དེ་ཡང་ བདེ་སྒྲིག་འབད་བའི་བསྒང་ཡོདཔ་ཨིན་པས།
ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་བློན་པོ་ མགོནམ་ཚེ་རིང་གིས་ སླབ་མིའི་ནང་ གཞུང་གིས་ གློག་མེ་སྤྱོད་འཐུས་དེ་ཡང་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༥.༨ སྦེ་ གྲོས་འཆར་བཀོད་དེ་ཡོདཔ་ད་ རྒྱ་གར་གཞུང་གིས་འབད་བ་ཅིན་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༥.༡ དང་༥.༢ སྦེ་ ངོས་ལེན་འབད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱོད་འཐུས་མཐའ་དཔྱད་འབད་ནིའི་དོན་ལུ་ གྲོས་བསྟུན་འབད་བའི་བསྒང་ཡོདཔ་བཞིན་དུ་ ད་རེས་ཀྱི་ཟླཝ་ནང་ ཐག་བཅད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ནང་ ཡུ་ནིཊ་༦ ཡོདཔ་ད་ ཡུ་ནིཊ་རེ་ལུ་ གློག་མེ་མེ་ག་ཝཱཊ་༡༧༠ དེ་རེ་ ཐོན་སྐྱེད་འབད་དོ་ཡོདཔ་ད་ ལས་འགུལ་འཛིན་སྐྱོང་གིས་ དུས་ཅི་ སྤྱི་ཟླ་༩ པའི་ནང་ ཡུ་ནིཊ་༢ དང་ སྤྱི་ཟླ་༡༢ པའི་ནང་ ཡུ་ནིཊ་ག་ར་ལས་ གློག་མེ་ཐོན་སྐྱེད་འབད་ནི་ འཆར་གཞི་སྡོད་ཡོདཔ་ཨིན་པས།
གལ་སྲིད་ ཡུ་ནིཊ་༢ དེ་ ལས་རིམ་དང་འཁྲིལ་ཏེ་ གློག་མེ་ཐོན་སྐྱེད་འབད་ཚུགས་ཏེ་ཡོད་པ་ཅིན་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༥.༢ ཐོག་ལུ་ བཙོང་པ་ཅིན་ སྤྱི་ཟླ་༡༠ དང་༡༡ པའི་ནང་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༢.༥༥ བཟོ་ཚུགས་ནི་སྦེ་ སྡོད་ཡོདཔ་ཨིན་པས།
སྤྱི་ཟླ་༡༢ པའི་ནང་ ཆུའི་ཚད་གཞི་ མར་ཕབ་འགྱོ་མི་ལུ་བརྟེན་ འོང་འབབ་དངུལ་ཀྲམ་ས་ཡ་༦༣༦.༤༨ བཟོ་ནི་གི་ དམིགས་གཏད་བསྐྱེད་དེ་ཡོདཔ་བཞིན་དུ་ ཟླཝ་༣ ནང་འཁོད་ལུ་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༣.༡༨ བཟོ་ནི་གི་ ལས་རིམ་སྡོད་ཡོདཔ་ཨིན་པས།
ཨིན་རུང་ གློག་མེ་ཁང་ལས་ ཆུ་འཛག་མི་དང་འབྲེལ་བའི་ དཀའ་ངལ་ལུ་བརྟེན་ འཆར་གཞི་དང་འཁྲིལ་ཏེ་ འགྱོ་མ་བཏུབ་པར་ ཟླཝ་༣ དེ་ཅིག་ ཕྱིས་སོཔ་ཨིན་པས།
ལས་འགུལ་འཛིན་སྐྱོང་གིས་ ཡུན་འགྱངས་དེ་ ནམ་ཚུན་ཚོད་ ལུས་ནི་ཨིན་ན་ གཏན་འཁེལ་གྱི་ ཚེ་གྲངས་ཅིག་ བརྗེ་སོར་འབད་མ་བཏུབ་ཨིནམ་ད་ ཆུ་མཛོད་ཁང་ལས་ གློག་མེ་ཁང་ནང་ ཆུ་སྐྱེལ་འདྲེན་འབད་མི་ ལམ་ལུགས་ནང་ ཆུ་བཏོན་བཏང་སྟེ་ ཡོདཔ་ཨིན་པས།
བློན་པོ་མགོནམ་ཚེ་རིང་གིས་ སླབ་མིའི་ནང་ ལམ་ལུགས་ནང་ ཆུ་བཏོན་ནི་དང་ ལོག་བཀང་ནིའི་དོན་ལུ་ ཟླཝ་༣ དེ་ཅིག་ འགོར་ནི་ཨིནམ་ད་ ལས་འགུལ་གྱི་ འཛིན་སྐྱོང་པ་གིས་ ཆུ་གི་ཚད་གཞི་ ཉུང་སུ་ཡོད་རུང་ ཡུ་ནིཊ་༢ དེ་ སྤྱི་ཟླ་༡༢ པ་ལས་ གློག་མེ་ཐོན་སྐྱེད་འབད་ནི་ འཆར་གཞི་འདུག་ཟེར་ཨིན་པས།
ད་རེས་ ལས་འགུལ་གྱི་ སྡེ་ཚན་ཚུ་ ཆུ་མཛོད་ཁང་ལས་ ཆུ་བཏོན་གཏང་པའི་ཁར་ སྐྱོན་བཞུགས་མི་ཚུ་ ཉམས་བཅོས་འབད་བའི་བསྒང་ཡོདཔ་ད་ ཧེ་ཌི་རིས་ཊཱ་ནལ་དང་ སར་ཤབཊི་ དེ་ལས་ པེ་རེ་ཤབཊི་སྟོངམ་ བཟོ་ནིའི་དོན་ལུ་ ཌེམ་གྱི་ཆུ་གི་ ཚད་གཞི་དེ་ མི་ཊར་དག་པ་ཅིག་ མར་ཕབ་འབད་དེ་ ཡོདཔ་ཨིན་པས།
ཆུ་སྟོངམ་བཟོ་ནི་གི་ ཟླཝ་༡ དེ་ཅིག་ འགོར་ནི་བཟུམ་ཅིག་ཡོདཔ་མ་ཚད་ ལོག་ཆུ་བཀང་ནི་ ད་རུང་ དུས་ཡུན་ཅོག་འཐདཔ་སྦེ་ འགོར་ནི་ཨིན་པས།
ཕཱལ་སི་ལིང་ཟེར་མི་ བཙུགས་པའི་ཤུལ་ལས་ གློག་མེ་དངའབྲེལ་བའི་ འཕྲུལ་ཆས་ཚུ་ བཙུགས་ནི་ཨིནམ་ད་ དེ་གིས་ ཟླཝ་༣ དེ་ཅིག་ འགོར་ནི་ཨིན་པས།
གློག་མེ་ཁང་ནང་ ཆུ་འཛག་མི་ འགོ་ཐོག་ར་ སྤྱི་ཟླ་༨ པའི་ཚེས་༡༣ ལུ་ མཐོང་ཡོདཔ་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༥ ལུ་ ཐབས་རིག་ལས་བྱེད་ཚོགས་ཆུང་གིས་ གློག་མེ་ཁང་ནང་ ཕཱལ་སི་ལིང་བཙུགས་སྒྲིག་ ཆུ་བཏོན་གཏང་ནི་ལ་སོགས་པའི་ ཐབས་ལམ་ཚུ་ དེ་འཕྲོ་ལས་ བཏོན་དགོཔ་སྦེ་ རྒྱབ་སྣོན་འབད་དེ་ ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ ཟད་འགྲོ་ཡོངས་བསྡོམས་ དངུལ་ཀྲམ་༩༤.༤༥ གནས་ནི་སྦེ་ ཚོད་རྩིས་བཏོན་ཏེ་ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement