༉ དབང་འདུས་ཕོ་བྲང་ལུ་ཡོད་པའི་ མེ་ག་ཝཱཊ་༡,༢༠༠ འབད་མི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པའི་ ཆུ་བཀག་ར་ རྒྱུན་བརྟན་བཟོ་ནིའི་དོན་ལུ་ མཉམ་འབྲེལ་འཕྲུལ་རིག་བརྟག་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།
མཉམ་འབྲེལ་འཕྲུལ་རིག་བརྟག་ཞིབ་སྡེ་ཚན་ནང་ འབྲུག་དང་ རྒྱ༌གར་གྱི་ གློག་མེ་མཁས་མཆོག་ཚུ་གིས་ འབད་བའི་བསྒང་ཡོདཔ་ཨིན་པས།
འབྲུག་དང་ རྒྱ་གར་ལས་ འཕྲུལ་རིག་སྡེ་ཚན་གྱིས་ གཙང་ཆུ་གཡས་ཕྱོགས་ལུ་ རྒྱུན་བརྟནབཟོ་ནི་གི་ཐབས་ལམ་ཚུ་ དབྱེ་ཞིབ་འབད་དོ་ཡོདཔ་ད་ རྒྱལ་ཁབ་༢ ཆ་ར་གིས་ ཆུ་བཀག་ར་རྐྱབ་ནིའི་ ངོས་ལེན་འབད་ཡོདཔ་བཞིན་དུ་ གནད་དོན་སེལ་ཐབས་ལུ་ གཅིག་སྒྲིལ་དགོས་མཁོ་རྒྱུན་བརྟན་གྱི་ཐབས་ལམ་ཚུ་ བཏོན་ནི་ཨིན་པས།
ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ འཕྲུལ་རིག་མཉམ་འབྲེལ་ཚོགས་ཆུང་གི་ ཞལ་འཛོམས་ནང་ འཕྲུལ་རིག་བདེ་སྒྲིག་ཚུ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
འགོ་དཔོན་གྱིས་འབད་བ་ཅིན་ ས་ཁོངས་ནང་ མཉམ་འབྲེལ་ཐོག་ ལྟ་རྟོག་དང་ གྲོས་བསྟུན་འབད་བའི་ཤུལ་ལས་ ས་ཆ་འཕྲུལ་རིག་དབྱེ་ཞིབ་འབད་ནི་ འགོ་བཙུགས་ཏེ་ ཡོད་ཟེར་ཨིན་པས།
དོང་སྤེད་ནི་གི་ གོ་རིམ་དང་པ་དེ་ མཇུག་བསྡུ་ཡོདཔ་ལས་ ཞིབ་རྟོག་གི་ དབྱེ་དཔྱད་འབད་བའི་བསྒང་ཡོདཔ་ད་ དེ་གི་ཤུལ་ལས་ སྡེ་ཚན་གྱིས་ བཟོ་བཀོད་ཚད་གཞི་དང་ བཟོ་བཀོད་ གྱེན་རྒྱུན་བརྟན་ དེ་ལས་ ཁག་ཆེ་བའི་ གནད་དོན་གཞན་ཚུ་ དབྱེ་ཞིབ་འབད་ཐོག་ལས་ ལྷག་པར་དུ་ འཕྲུལ་རིག་གྲོས་བསྟུན་འབད་ནི་ཨིན་པས།
ལྷན་ཁག་གི་ འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ བཟོ་སྐྲུན་འགོ་དཔོན་བཙུགས་ནི་དང་ རྒྱུན་བརྟན་ཐབས་ལམ་ མཇུག་བསྡུ་ནི་གི་ དུས་ཚོད་དེ་ ཐབས་ལམ་ཚུ་ དེ་ཚུ་ མཐའ་དཔྱད་འབད་བའི་ཤུལ་རྐྱངས་གཅིག་ ཤེས་ཚུགས་ནི་མས་ཟེར་ཨིན་པས།
མཐའ་དཔྱད་འབད་མི་ ཐབས་ལམ་གྱིས་ དགོས་མཁོ་ཅན་གྱི་ ལཱ་གི་གནས་སྟངས་དང་ དཀའ་ངལ་ཚུ་ ཤེས་ཚུགས་ནི་ཨིན་པས།
ལས་འགུལ་སྦོམ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པ་བཟུམ་ལུ་ ཆུ་བཀག་ར་རྐྱབ་མ་ཚརཝ་ལས་ རྒྱུན་བརྟན་ཐབས་ལམ་ ལག་ལེན་འཐབ་པའི་སྐབས་ ཧེ་མ་ལས་ བྱུང་མ་མྱོང་བའི་ ས་ཆ་དང་འབྲེལ་བའི་ གདོང་ལེན་ལུ་བརྟེན་ ལས་འགུལ་དེ་ འཕྲོ་མཐུད་འབད་མ་ཚུགས་པར་ ཕྱིས་སོ་ཡི་ཟེར་ཨིན་པས།
ཐབས་ལམ་འཆར་གཞི་དང་ གནས་སྟངས་དབྱེ་ཞིབ་ཚུ་འབད་རུང་ ལས་འགུལ་གྱི་ དུས་ཚོད་དེ་ ངེས་མེད་ཐོག་ལུ་ ལུས་ཡོདཔ་ཨིན་པས།
རྒྱུན་བརྟན་ཐབས་ལམ་ཚུ་ མཇུག་བསྡུ་བའི་ཤུལ་ལས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པའི་ བཟོ་བཀོད་དང་ བཟོ་སྐྲུན་ དེ་ལས་ དེ་དང་འབྲེལ་བའི་གཞི་རྟེན་ཚུ་གི་ ལཱ་འགོ་བཙུགས་ནི་ཨིན་པས།
ཨིན་རུང་ མཐའ་དཔྱད་གྲོས་ཆོད་ འབྱུང་བའི་ཤུལ་ལས་རྐྱངམ་གཅིག་ ཐབས་ལམ་དེ་ཚུ་གི་ ཚོད་དཔག་ཟད་འགྲོ་བཏོན་ནི་ཨིན་པས།
ལས་འགུལ་གྱི་ ཟད་འགྲོ་འཇོན་ཐང་དེ་ གློག་ཤུགས་ཐོན་སྐྱེད་འབད་སྐབས་ སྤྱོད་འཐུས་དང་ རག་ལས་ནི་ཨིནམ་ད་ ད་རེས་ རྒྱུན་སྐྱོང་ཟད་འགྲོ་མར་ཕབ་ཀྱི་དོན་ལུ་ ལས་མི་ཁུངས་ལྡན་བརྩིས་ཏེ་ ཟད་འགྲོ་མར་ཕབ་འབད་ནི་གི་ ལཱ་འབད་བའི་བསྒང་ ཡོདཔ་ཨིན་པས།
ལས་འགུལ་གྱི་ ལཱ་འགོ་བཙུགས་ནི་དེ་ རྒྱུན་བརྟན་ཐབས་ལམ་ མཐའ་དཔྱད་ཞིནམ་ལས་མ་གཏོགས་ ཤེས་མི་ཚུགས་ན་ཨིནམ་ད་ ལས་འགུལ་མཇུག་བསྡུ་ནི་ལུ་ ད་རུང་ ལོ་༥ དེ་ཅིག་ འགོར་ནི་བཟུམ་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པའི་ ཆུ་བཀག་ར་རྐྱབ་ནིའི་ལཱ་དེ་ གཙང་ཆུའི་གཡས་ཁ་ཐུག་ལས་ ཆུ་རུད་སྦོམ་ཅིག་ ཐོན་པའི་ཤུལ་ལས་ འཕྲོ་མཐུད་འབད་མ་ཚུགས་པར་ ལུས་ཡོདཔ་བཞིན་དུ་ ས་ཆ་ཐབས་རིག་དང་འབྲེལ་བའི་བརྟག་ཞིབ་ཚུ་ཡང་ མང་རབས་ཅིག་ འགོ་འདྲེན་འཐབ་སྟེ་ ཆུ་བཀག་ར་ལོག་རྐྱབ་ནི་དང་ བཱ་རཱཇ་རྐྱབ་ནི་གི་ ཐབས་ལམ་༢ བཏོན་ཡོདཔ་ཨིན་པས།
ཆུ་རུད་འགོ་ཐོག་ར་ སྤྱི་ལོ་༢༠༡༣ ལུ་བྱུང་སྟེ་ ཉམས་བཅོས་ཀྱི་ ཐབས་ལམ་ཚུ་ བཏོན་ཡོད་རུང་ ཐབས་ལམ་དེ་གིས་ སེལ་ཐབས་འབད་མ་ཚུགས་པར་ སྤྱི་ལོ་༢༠༡༦ དང་༢༠༡༩ ལུ་ ད་རུང་ ཆུ་རུད་ཐོན་ཡོདཔ་ཨིན་པས།
དངུལ་ཀྲམ་ས་ཡ་༡༥༠ བཏང་ཐོག་ལས་ སུཛ་ལས་སྡེ་ཨིསི་ཀེ་གིས་ ཁ་གསལ་ལས་འགུལ་སྙན་ཞུ་ བསྡུ་ལེན་འབད་བའི་སྐབས་ ད་ལྟོ་ཡོད་པའི་ ཆུ་བཀག་རའི་ལྟག་ལུ་ ཀི་ལོ་མི་ཊར་༢.༦ ས་གནས་ཁར་ ཌེམ་མེན་པར་ བ་རཱཇ་རྐྱབ་ནི་ལུ་ འོས་འབབ་ཡོདཔ་སྦེ་ མཐོང་བའི་ཤུལ་ལས་ འབྲུག་གཞུང་གིས་ བ་རཱཇ་རྐྱབ་ནི་སྦེ་ ཐག་བཅད་ནུག།
ཨིན་རུང་ རྒྱ་གར་གྱི་འགོ་དཔོན་ཚུ་གིས་ ཉེན་སྲུང་གི་ཚ་གྱང་ཚུ་བཤད་དེ་ བ་རཱཇ་རྐྱབ་ནི་ལུ་ ངོས་ལེན་འབད་ མ་བཏུབ་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པའི་ ཟད་འགྲོ་དེ་ དངུལ་ཀྲམ་ཐེར་འབུམ་༣༥ ལས་ དངུལ་ཀྲམ་ཐེར་འབུམ་༡༠༠ ལུ་ ཡར་འཕར་སོང་ཡོདཔ་ད་ ད་ལྟོ་ཚུན་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༨༦ བཏང་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པའི་ ལས་འགུལ་དེ་ འབྲུག་དང་ རྒྱ་གར་གྱི་བར་ན་ ཕན་ཚུན་ཟུང་ཕྱོགས་གན་ཡིག་ཐོག་ལས་ བཟོ་སྐྲུན་འབད་ཡོདཔ་ད་ ལས་འགུལ་གྱི་ལཱ་དེ་ཡང་ སྤྱི་ལོ་༢༠༠༨ ཟླ་༡༡ པ་ལས་ འགོ་བཙུགས་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement