༉ དབང་འདུས་ཕོ་བྲང་ལུ་ཡོད་པའི་ མེ་ག་ཝཱཊ་༡,༢༠༠ འབད་མི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ནང་ ཆུ་བཀག་ར་ཌེམ་དེ་ར་ བཟོ་སྐྲུན་འབད་ནི་སྦེ་ ཐག་བཅད་ཡོདཔ་བཞིན་དུ་ ཆུ་བཀག་ར་རྩ་བརྟན་གྱི་དོན་ལུ་ དགོས་མཁོ་ཅན་གྱི་ཐབས་ལམ་ཚུ་ བཏོན་ནི་ཨིན་པས།
ལོ་ངོ་༡༡ དེ་ཅིག་ གསུང་གྲོས་གནང་པའི་ཁར་ ཐབས་རིག་མཉམ་འབྲེལ་ཚོགས་ཆུང་གི་ ཞལ་འཛོམས་༣༠ པ་དེ་ གནང་པའི་ཤུལ་ལས་ འབྲུག་དང་ རྒྱ་གཞུང་༢ ཀྱིས་ ཌེམ་བཟོ་སྐྲུན་འབད་ནི་ལུ་ མོས་མཐུན་བྱུང་ཚུགས་ཡོདཔ་ཨིན་པས།
ཨིན་རུང་ ད་རེས་ ཐབས་ལམ་ཉམས་འབྲེལ་ཚོགས་ཆུང་གིས་ ཌེམ་བཟོ་སྐྲུན་འབད་ནི་ཨིན་ན་མེན་ནའི་སྐོར་ལས་ གྲོས་བསྟུན་འབད་བའི་བསྒང་ཡོདཔ་ཨིན་པས།
གཙང་ཆུའི་གཡས་ཁ་ཐུག་ལུ་ ཆུ་རུད་ཀྱིས་ གནོད་སྐྱོན་སྦོམ་སྦེ་ར་ རྐྱབ་ཡོད་མི་ཚུ་ ཉམས་བཅོས་ཀྱི་ལཱ་ཚུ་འབད་ནི་ཨིནམ་བཞིན་དུ་ གནད་དོན་དེ་ལུ་བརྟེན་ གློག་མེ་ལས་འགུལ་དེ་ འཕྲོ་མཐུད་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་བློན་པོ་ མགོནམ་ཚེ་རིང་གིས་ ཀུན་གསལ་ལུ་ བཤད་མིའི་ནང་ རྒྱ་གར་གྱི་ ཆུའི་ལྷན་ཚོགས་ལྟེ་བ་གིས་ གཙང་ཆུའི་གཡས་ཁ་ཐུག་ རྩ་བརྟན་ཐབས་ལམ་ཀྱི་ བཟོ་བཀོད་གྲ་སྒྲིག་འབད་དེ་ འབྲུག་གཞུང་ལུ་ ཕུལ་ཏེ་ཡོད་ཟེར་ཨིན་པས།
ཆུའི་ལྷན་ཚོགས་ལྟེ་བའི་ གྲོས་འཆར་དེ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ད་ ང་བཅས་རའི་ དགོས་མཁོ་གྲུབ་མ་གྲུབ་ཚུ་ དབྱེ་ཞིབ་འབད་ཞིནམ་ལས་རྐྱངམ་གཅིག་ རྒྱ་གར་གཞུང་དང་ རྩ་བརྟན་ཐབས་ལམ་སྐོར་ལས་ གྲོས་བསྟུན་འབད་འོང་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
ཨིན་རུང་ བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་བྱ་རིམ་དེ་ ནམ་མཇུག་བསྡུ་འོང་ག་ སླབ་མི་ཤེས་ནི་དང་ དེ་གི་ཤུལ་ལས་ མཉམ་འབྲེལ་གྲོས་བསྟུན་འབད་ནི་དང་ མཉམ་འབྲེལ་ཞལ་འཛོམས་སྐོར་ལས་ ཧེ་མ་ལས་ ཞུ་བ་འབད་ཡོད་རུང་ ད་རེས་ རྒྱ་གར་གྱི་ ཁ་ཐུག་ལས་ གྲ་སྒྲིག་འགྱོ་མ་ཚུགས་པས་ཟེར་ཨིན་པས།
དགོས་མཁོ་ཅན་གྱི་ རྩ་བརྟན་ཐབས་ལམ་བཏོན་ནིའི་དོན་ལུ་ ས་ཁམས་དོན་འགྲེལ་གྱི་ ཁྱད་པར་ལུ་བརྟེན་ གཞུང་༢ ཀྱི་བར་ན་ ཁས་འཆམ་བྱུང་མ་ཚུགསཔ་ཨིན་པས།
ལས་འགུལ་གྱི་ ས་ཁོངས་གཡས་ཁ་ཐུག་ལུ་ ས་རུད་ལུ་བརྟེན་ གནོད་སྐྱོན་རྐྱབ་མི་ལུ་བརྟེན་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ ལཱ་འཕྲོ་མཐུད་འབད་མ་ཚུགས་པར་ དུས་ཚོད་ངེས་མེད་ཐོག་ལས་ བཤོལ་བཞག་དགོཔ་བྱུང་ཡོདཔ་ཨིན་པས།
ས་ཁམས་དང་འབྲེལ་བའི་ ཞལ་འཛོམས་མང་རབས་ཅིག་ འགོ་འདྲེན་འཐབ་པའི་ཤུལ་ལས་ ཐབས་ལམ་༢ བཏོན་མི་ཚུ་ཡང་ ཌེམ་བཟོ་སྐྲུན་འབད་ནི་དང་ ཡང་ཅིན་ ཆུ་བྱག་བ་རཱཇ་རྐྱབ་ནི་གི་ གྲོས་འཆར་བྱུང་ཡོདཔ་ཨིན་པས།
ས་རུད་འགོ་ཐོག་ར་ སྤྱི་ལོ་༢༠༡༣ ལུ་བྱུང་སྟེ་ ཉམས་བཅོས་འབད་ཡོདཔ་ད་ ཨིན་རུང་ ཐབས་ལམ་དེ་གིས་ བཀག་མ་ཚུགས་པར་ སྤྱི་ལོ་༢༠༡༦ དང་༢༠༡༩ ལུ་ ད་རུང་ ས་རུད་ཐོན་ཏེ་ ལས་འགུལ་དེ་ ལྷག་པར་དུ་ ལས་འགུལ་དེ་ འཕྲོ་མཐུད་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
འབྲུག་གཞུང་གི་ འོས་འབབ་ཅན་གྱི་གདམ་ཁ་ ཐབས་ལམ་གཅིག་ ཆུ་བྱག་བ་རཱཇ་རྐྱབ་ནི་སྦེ་ རྒྱབ་སྣོན་འབད་ཡོདཔ་ད་ ཁ་གསལ་བརྟག་ཞིབ་སྙན་ཞུ་དེ་ དངུལ་ཀྲམ་ས་ཡ་༡༥༠ བཏང་ཐོག་ལས་ སུཛ་ལས་སྡེ་ ཨིསི་ཌ་ཀེ་གིས་ འགོ་འདྲེན་འཐབ་སྟེ་ ད་ལྟོ་ཡོད་པའི་ ཌེམ་གྱི་སྟེད་ཕྱོགས་ ཀི་ལོ་མི་ཊར་༢.༦ ས་གནས་ཁར་ བཱ་རཆ་རྐྱབ་ནི་ལུ་ འོས་འབབ་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
ཨིན་རུང་ རྒྱལ་གར་གྱི་ འགོ་དཔོན་ཚུ་གིས་ བ་རཱཇ་རྐྱབ་པའི་སྐབས་ ཉེན་སྲུང་ཚ་གྱང་ཡོད་ལུགས་ཚུ་ བཤདཔ་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པའི་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༣༥ ལས་ དངུལ་ཀྲམ་ཐེར་འབུམ་༡༠༠ ལུ་ ཡར་འཕར་སོང་ཡོདཔ་ད་ ད་རེས་ཚུན་ཚོད་ ལས་འགུལ་གྱིས་ ཟད་འགྲོ་དངུལ་ཐེར་འབུམ་༨༦ བཏང་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པ་དེ་ སྤྱི་ལོ་༢༠༠༧ ཟླ་༧ པའི་ནང་ འབྲུག་དང་ རྒྱ་གཞུང་༢ ཀྱི་བར་ན་ ཕན་ཚུན་ཁེ་ཕན་གྱི་ ཟུང་ཕྱོགས་འགན་གུ་ མཚན་རྟགས་བཀོད་ཐོག་ལས་ སྤྱི་ལོ་༢༠༠༨ ཟླ་༡༡ པའི་ནང་ ལས་འགུལ་རྐྱབ་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement