༉ སྤུ་ན་ཁའི་ སློབ་གྲྭ་ལྟེ་བ་དང་ ལྟ་བཤལ་སྤྲོ་སེང་ས་ཁོངས་ཀྱི་བར་ན་ འཁོར་ལམ་ཆུང་སུ་སྦེ་ ཡོད་མི་དེ་གིས་ རྐང་ཐང་འགྱོ་མི་དང་ དམིགས་བསལ་དུ་ སློབ་ཕྲུག་ཨ་ལོ་ཚུ་གི་ ཉེན་སྲུང་དང་ བྱ་སྟབས་བདེ་ཐབས་ལུ་དམིགས་ཏེ་ འཁོར་ལམ་རྒྱ་སྐྱེད་འབད་ནི་ཨིན་པས།
འཁོར་ལམ་རྒྱ་སྐྱེད་འབད་དགོ་མི་དེ་ཡང་ སློབ་ཕྲུག་ཨ་ལོ་ཚུ་དང་ གཞན་མི་ཚུ་ལུ་ ལམ་རྒྱ་ཆུང་དྲགས་མི་དང་ རྐང་ལམ་མེད་མི་གིས་ ཉེན་ཁ་སྦོམ་ར་ བྱུང་དོ་ཡོདཔ་ཨིན་པས།
ལྟ་བཤལ་སྤྲོ་སེང་ས་ཁོངས་དང་ སློབ་གྲྭ་ལྟེ་བའི་བར་ན་ འཁོར་ལམ་རིང་ཚད་ ཀི་ལོ་མི་ཊར་༡ དེ་ཅིག་ ཡོདཔ་ཨིན་པས།
འཆར་གཞི་༡༣ པའི་ནང་ ལས་འགུལ་ཆུང་བའི་ གོང་འཕེལ་ཆ་ཤས་ཀྱི་འོག་ལུ་ སྤུ་ན་ཁ་ རྫོང་ཁག་བདག་སྐྱོང་གིས་ མོ་ཆུ་སྣུམ་འཁོར་བཞག་ཐང་ལས་ ཁུ་རུ་ཐང་ཁྲོམ་ཚུན་ རྒྱ་སྐྱེད་འབད་ནི་ལུ་ གནང་བ་གྲུབ་ཡོདཔ་ཨིན་པས།
ལས་འགུལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༤༠.༡༧ གྱི་ ཚོད་རྩིས་བཏོན་ཡོདཔ་ད་ ལས་འགུལ་གྱི་ལཱ་དེ་ སྤྱི་ལོ་༢༠༢༤ དང་༢༠༢༥ འི་ནང་འཁོད་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
འཁོར་ལམ་རྒྱ་ཆུང་དྲགས་འབད་མི་དེ་གིས་ གདོང་ལེན་ཚུ་བྱུང་དོ་ཡོདཔ་ད་ ལྷག་པར་དུ་ སློབ་གྲྭའི་དུས་ཚོད་དང་ ཡིག་ཚང་གི་དུས་ཚོད་ཁར་ འུར་བྱེལ་འཐབ་དོ་ཡོདཔ་ལས་ སྤུ་ན་ཁ་ སློབ་གྲྭ་ལྟེ་བའི་སློབ་ཕྲུག་ཚུ་ལུ་ ཐུག་རྐྱེན་འབྱུང་ནིའི་ ཚ་གྱང་ཡོདཔ་སྦེ་ཨིན་པས།
འཁོར་ལམ་རྒྱ་སྐྱེད་འབདཝ་དང་འབྲེལ་ མོ་ཆུའི་སྣུམ་འཁོར་བཞག་ཐང་ལས་ སྤུ་ན་ཁ་སློབ་གྲྭ་ལྟེ་བ་ཚུན་ རྐང་ལམ་བཟོ་ནི་དང་ དེ་གི་དོན་ལུ་ འཆར་དངུལ་ དངུལ་ཀྲམ་ས་ཡ་༦.༢༡༣ བཞག་ཡོདཔ་བཞིན་དུ་ དེ་གིས་ རྐང་ཐང་འགྱོ་མི་ཚུ་གི་ཉེན་སྲུང་ འབད་ཚུགས་ནི་ཨིན་པས།
སློབ་ཕྲུག་ཨ་ལོ་མང་ཤོས་ཅིག་གིས་ གནས་ཚུལ་འདི་གོཝ་ད་ སེམས་དགའ་ཡི་ཟེར་ཨིནམ་བཞིན་དུ་ ཁོང་གིས་ རྐང་ལམ་གསརཔ་ཅིག་ འཐོབ་ནི་མས་ཟེར་ཨིན་པས།
གནད་དོན་དེ་ཡང་ སྤྱི་ལོ་༢༠༢༣ ཟླ་༥ པའི་ཚེས་༢༩ ལུ་ རྫོང་ཁག་ཡར་རྒྱས་ཚོགས་འདུ་ ཐེངས་གསུམ་པ་ འཚོགས་པའི་སྐབས་ འཁོར་ལམ་དེ་ ཉེན་ཁ་ཡོད་པའི་སྐོར་ལས་ སྙན་ཞུ་འབད་ཡོདཔ་ཨིན་པས།
འཁོར་ལམ་དེ་ཁར་ ཐུག་རྐྱེན་ཚུ་བྱུང་དོ་ཡོདཔ་མ་ཚད་ སྒོ་ནོར་སེམས་ཅན་ཚུ་ལུ་ཡང་ ཐུག་རྐྱེན་གྱི་ གནོད་སྐྱོན་རེ་བྱུང་ཡོདཔ་ཨིན་རུང་ རྐང་འགྲུལ་འབད་མི་ཚུ་ལུ་ ཐུག་རྐྱེན་གྱི་སྙན་ཞུ་ མ་ལྷོདཔ་ཨིན་པས།
འཁོར་ལམ་ཆུང་ཀུ་ཡོད་མི་གིས་ སྣུམ་འཁོར་བཏང་མི་ཚུ་ལུ་ཡང་ ཕྱོགས་ཅིག་ལས་ ས་ཆ་སྤོག་ཏོ་སྦེ་ཡོད་མི་དང་ ཕྱོགས་ཅིག་ལས་ རྡོ་དང་བྱག་གིས་བཅད་དེ་ འབད་བའི་བསྒང་ལས་ སྣུམ་འཁོར་བཏང་ནི་ལུ་ ཉེན་ཁ་ཡོདཔ་སྦེ་ཨིན་པས།
ལྕང་ཡུལ་ལས་ སྐྱེས་ལོ་༣༨ ལང་མི་ དེད་གཡོགཔ་ཅིག་གིས་ བཤད་མིའི་ནང་ འཁོར་ལམ་བདའ་སྟེ་ སྣུམ་འཁོར་གཉིས་ སྟབས་ཅིག་ལུ་འགྱོཝ་ད་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ གལ་སྲིད་ སྣུམ་འཁོར་བཏང་མི་དེ་ སྦྱང་བ་ལེགས་ཤོམ་མེན་པ་ཅིན་ སྣུམ་འཁོར་བྱག་གུ་ལུ་ཐོག་ནི་དང་ ཡང་ཅིན་ སྤུ་ན་གཙང་ཆུ་ནང་ འབུད་ནིའི་ཉེན་ཁ་འདུག་ཟེར་ཨིན་པས།
རྫོང་ཁག་གིས་ ལས་འགུལ་ཆུང་བའི་ གོང་འཕེལ་ལས་རིམ་གྱི་འོག་ལུ་ ལེགས་བཅོས་འབད་ནིའི་ འཆར་གཞི་ཡོདཔ་ད་ དེ་ཁར་ ཁྲོམ་ལམ་གློག་མེ་དང་ པར་ཆས་སི་སི་ཊི་བི་ཚུ་ བཙུགས་ནི་ཟེར་ཨིནམ་ད་ ལས་འགུལ་དེ་གི་དོན་ལུ་ འཆར་དངུལ་ དངུལ་ཀྲམ་ས་ཡ་༡༥.༨༧༠ བཞག་ཡོདཔ་ཨིན་པས།
གཞན་ཡང་ མོ་ཆུ་སྣུམ་འཁོར་བཞག་ཐང་ལས་ འགོ་བཙུགས་མི་རྐང་ལམ་ ལྕང་ཡུལ་ཚུན་འབད་མི་དེ་ འཆར་དངུལ་ དངུལ་ཀྲམ་ས་ཡ་༡༤.༥ གི་ཐོག་ལས་ ལཱ་འབད་ནི་འགོ་བཙུགས་ཡོད་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement