༉ རྒྱལ་ཁབ་ནང་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་མི་ ཡར་སེང་འགྱོཝ་དང་འབྲེལ་ དེ་དང་བསྟུན་པའི་གནད་དོན་ཚུ་ ཚད་འཛིན་འབད་ནི་ལུ་ སྒྲིག་གཞི་དང་ལམ་ལུགས་ལེགས་ཤོམ་ཅིག་མེདཔ་ལས་ མི་སྡེའི་ནང་ ཚ་གྱང་ཅན་གྱི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ མོང་སྒར་ སྐྱེངས་མཁར་-ཝེ་རིང་ལའི་འཐུས་མི་ རྡོ་རྗེ་དབང་མོ་གིས་ དམིགས་བསལ་དུ་ ན་གཞོན་ཚུ་ལུ་ མི་སྡེ་བརྡ་བརྒྱུད་ཀྱི་ ཉེན་ཁའི་སྐོར་ལས་ དྲི་བཀོད་འབད་ཡི།
མོ་གིས་ སེམས་ཁམས་འཕྲོད་བསྟེན་གྱི་ནད་གཞི་དང་ གོ་བ་བརྡ་ལོག་ཁྱབ་སྤེལ་ ཡོངས་འབྲེལ་ཐོག་ལས་གཡོ་སྒྱུ་འབད་ནི་ དེ་ལས་ གློག་ཐོག་དབང་བཙོང་གི་ མི་སྡེ་བརྡ་བརྒྱུད་དང་འབྲེལ་བའི་ ཉེན་ཁ་ཚུ་གི་སྐོར་ལས་ ཞུ་ཡི།
འཐུས་མི་རྡོ་རྗེ་དབང་མོ་གིས་ མི་སྡེའི་བརྡ་བརྒྱུད་དེ་གིས་ ཁེ་ཕན་ལུ་ ངོས་ལེན་ཡོད་རུང་ བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་ལུ་ མི་སྡེ་བརྡ་བརྒྱུད་ཚད་འཛིན་དང་ གནོད་ཉེན་ཚུ་ མར་ཕབ་འབད་ནི་ དེ་ལས་ གནད་དོན་ཚུ་ སེལ་ཐབས་ལུ་ འཆར་གཞི་ཚུ་ ག་དེ་སྦེ་ར་ཡོད་ག་ཟེར་ དྲི་བཀོད་འབད་ཡི།
འཐུས་མི་གིས་ འབྲུག་གི་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་བཅའ་ཁྲིམས་༢༠༡༨ ཅན་མའི་དོན་ཚན་༧༡(༤) ནང་ཡང་ གློག་རིག་ཡོངས་འབྲེལ་དང་ བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་དང་ བརྡ་བརྒྱུད་ཀྱི་ཞབས་ཏོག་ལཱ་གཡོག་གི་ཐོག་ལས་ གནོད་འཚེ་དང་འབྲེལ་ཡོད་ཚུ་ རྒྱུན་སྐྱོང་དང་མར་ཕབ་འབད་དགོཔ་སྦེ་ བཀོད་དེ་འདུག་ཟེར་ཞུ་ཡི།
དེ་བཟུམ་སྦེ་ དོན་ཚན་༧༡(༩) འབད་བ་ཅིན་ སྤྱིར་བཏང་མི་མང་དང་ དམིགས་བསལ་གྱི་ གནོད་ཉེན་ཆེ་བའི་མི་འབོར་སྡེ་ཚན་ ཨ་ལོ་དང་ན་གཞོན་ཚུ་ བརྡ་བརྒྱུད་ཞབས་ཏོག་ཐོག་ལས་ གསལ་སྟོན་འབད་བའི་ ཚུལ་མཐུན་མེན་པའི་ རྒྱུད་སྐུལ་ངན་པ་ཚུ་ལས་ སྲུང་སྐྱོབ་འབད་དགོཔ་སྦེ་འདུག་ཟེར་ འཐུས་མི་རྡོ་རྗེ་དབང་མོ་གིས་ཞུ་ཡི།
བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ མི་སྡེ་བརྡ་བརྒྱུད་གནོདཔ་སྤྱོད་ལས་ ཉེན་སྲུང་འབད་ཐབས་ལུ་ སྒྲིག་གཞི་ཅིག་ དགོས་མཁོ་ཡོད་མི་ལུ་ ངོས་ལེན་ཐོག་ལས་ ཞུ་མིའི་ནང་ ཡོངས་འབྲེལ་ཐོག་གི་ ཉེན་ཁའི་སྐོར་ལས་ གོ་བརྡ་སྤྲོད་ནི་ལུ་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་དང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ དེ་ལས་ འབྲུག་གི་མི་སྡེ་ལས་ཚོགས་བརྩིས་ཏེ་ འབྲེལ་ཡོད་ལས་སྡེ་ཚུ་དང་ ལཱ་འབད་ཟེར་ཨིན་པས།
ཞི་གཡོག་གཞི་སྒྱུར་བཅའ་ཁྲིམས་༢༠༢༢ ཅན་མ་དང་འབྲེལ་ མི་སྡེ་ཚོགས་སྡེ་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་ མཉམ་སྡེབ་འབད་ཡོདཔ་ད་ མི་སྡེ་ཚད་འཛིན་བརྩིས་ཏེ་ མི་སྡེ་ཚོགས་སྡེའི་ འགན་ཁུར་ག་ར་ དབང་འཛིན་ལུ་ བྱིན་ཡོདཔ་ཨིན་པས།
བློན་པོ་གིས་ ཞུ་མིའི་ནང་ མི་སྡེ་དང་འབྲེལ་བའི་ གནད་དོན་ཚུ་སེལ་ཐབས་དང་ མི་སྡེ་བརྡ་བརྒྱུད་འཛིན་སྐྱོང་འབད་ནི་ལུ་ མཉམ་འབྲེལ་ཡར་དྲག་གཏང་ནི་ལུ་ ལྷན་ཁག་གིས་ ཚོགས་ཆུང་གཞི་བཙུགས་འབད་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་དེ་ རང་སོའི་ འགན་ཁུར་ཅིག་ཨིནམ་ད་ བརྡ་བརྒྱུད་ལུ་བརྟེན་ གནོད་སྤྱོད་སྦེ་ ལག་ལེན་འཐབ་དགོ་པའི་ཁར་ ལེགས་ཤོམ་སྦེ་ ལག་ལེན་འཐབ་དགོཔ་དེ་ གལ་ཅན་ཅིག་ཨིན་ཟེར་ བློན་པོ་རྣམ་རྒྱལ་རྡོ་རྗེ་གིས་ ཞུ་ཡོད་པའི་གནས་ཚུལ།

སངས་རྒྱས་མཚོ་མོ།

Advertisement