༉ རྒྱལ་ཡོངས་ཚོགས་འདུའི་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ ད་རེས་ནངས་པ་ བདེ་སྒྲིག་འབད་མི་ ཡིག་ཚང་ཚུ་གིས་ གདོང་ལེན་བྱུང་མི་དེ་ སེལ་ཐབས་དོན་ལས་ འཐུས་མི་རེ་ལུ་ རང་དབང་ཅན་གྱི་ ཡིག་ཚང་ལེགས་ཤོམ་ཅིག་ དགོ་པའི་ཞུ་བ་ཕུལ་དོ་ཡོདཔ་ཨིན་པས།
ད་རེས་ སྤྱི་ཚོགས་ཀྱི་སྒྲིང་ཁྱིམ་ནང་ འཐུས་མི་༢༩ གིས་ ཡིག་ཚང་བགོ་བཤའ་རྐྱབ་སྟེ་ ཁང་མིག་རེ་ནང་ འཐུས་མི་༢ རེ་ཡོདཔ་ལས་ སྒེར་གསང་དང་ ཞལ་འཛོམས་ཀྱི་ མཐུན་རྐྱེན་དང་འབྲེལ་བའི་ དཀའ་ངལ་བྱུང་སྟེ་ཡོདཔ་ཨིན་པས།
གཞུང་དང་པ་དང་༢ པའི་ གནས་ཡུན་སྐབས་ འཐུས་མི་ཚུ་གི་ཡིག་ཚང་དེ་ རྒྱལ་ཡོངས་ཚོགས་འདུའི་ སྒྲིང་ཁྱིམ་གྱི་ ཕྱི་ཁར་ཡོདཔ་ད་ གཞུང་༣ པའི་སྐབས་ འཐུས་མི་ཚུ་ ཚོགས་འདུའི་སྒྲིང་ཁྱིམ་གྱི་ས་ཁོངས་ནང་ སྤོ་བཤུད་འབད་ཡོདཔ་ཨིན་པས།
འཐུས་མི་ཚུ་གིས་ ཁོང་རའི་ཡིག་ཚང་དེ་ ཚོགས་འདུའི་ཡིག་ཚང་གི་ ནང་འཁོད་ལུ་ར་ དགོཔ་སྦེ་ཞུ་བ་ཕུལ་མི་དེ་ཡང་ ཉེན་སྲུང་གི་ཚ་གྱང་དང་ ཚོགས་བཞུགས་སྐབས་ ཚོགས་དཔོན་དང་ ཚོགས་དཔོན་འོགམ་གི་ ཉེ་འདབས་ལུ་ དགོས་མཁོ་བྱུང་མི་ལུ་བརྟེན་ཨིན་པས།
ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་དང་ ཉི་ཤོ་-སྲས་ཕུག་གི་འཐུས་མི་ ཀུན་དགའ་གིས་ སླབ་མིའི་ནང་ འཐུས་མི་ཚུ་འཕྱད་པར་ ཕྱི་ལས་མགྱོནམ་རེ་འོངམ་ད་ སྒེར་གསང་མ་ཐོབ་པའི་ཁར་ མགྱོནམ་སྡོད་ནིའི་དོན་ལུ་ འཐུས་མི་གཞན་མི་དེ་ ཕྱི་ཁར་འགྱོ་དགོཔ་ ཐོནམ་མས་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཆུང་༩ གི་དོན་ལུ་ ཞལ་འཛོམས་ཁང་༢ ལས་བརྒལ་མེདཔ་ལས་ འཐུས་མི་ཚུ་ འཕྲལ་འཕྲལ་ར་ ཚོགས་ཆུང་འཚོགས་ནི་ལུ་ ཕྱིསཔ་མས་ཟེར་ ཁྲི་འཛིན་གྱིས་ བཤདཔ་ཨིན་པས།
གལ་སྲིད་ ཕྱིར་འབྲེལ་དང་ཕྱིར་ཚོང་ལྷན་ཁག་དེ་ ས་གནས་གཞན་ཁར་ སྤོ་བཤུད་འབད་ནི་ལུ་ ངོས་ལེན་འབད་བ་ཅིན་ འཐུས་མི་ཚུ་གིས་ རྒྱལ་ཡོངས་ཚོགས་འདུའི་ སྒྲིང་ཁྱིམ་ནང་ར་ རང་དབང་ཅན་གྱི་ ཡིག་ཚང་ཚུ་ འཐོབ་ཚུགས་ནི་ཨིན་པས།
ད་རེས་ ཕྱི་འབྲེལ་ལྷན་ཁག་གིས་ རྒྱལ་ཡོངས་ཚོགས་འདུའི་ སྒྲིང་ཁྱིམ་ཆ་ཤས་ཅིག་ ལག་ལེན་འཐབ་སྟེ་ཡོདཔ་ཨིན་པས།
ཀུན་དགའ་གིས་ སླབ་མིའི་ནང་ ད་ལྟོའི་ ཡིག་ཚང་གི་ བར་བཅད་ལ་ལོ་ཅིག་ སྦྱར་ལེབ་ཀྱིས་ གཅད་རྐྱབ་སྟེ་ཡོད་པའི་ཁར་ ཡིག་ཚང་ཚུ་ཡང་ གཅིག་གིས་གཅིག་ལུ་ སྦྱར་ཏེ་རྐྱབ་ཡོདཔ་ལས་ བློ་བོ་སླབ་མི་ཚུ་ཡང་ ཕར་ཚུར་འཇམ་ཏོང་ཏོ་སྦེ་ གོ་ཚུགས་པས་ཟེར་ཨིན་པས།
འཐུས་མི་ཚུ་ལུ་ ཨའི་པེཊ་དང་ ལེབ་ཊོབ་ དེ་ལས་ པར་སྐྲུན་འཕྲུལ་ཚུ་ བྱིན་ཏེ་ཡོད་རུང་ ཨའི་པེཊ་ཚུ་ ཚོགས་བཞུགས་དང་འབྲེལ་བའི་ ཡིག་ཆ་ཚུ་བལྟ་ནིའི་དོན་ལུ་ སྤྱི་ཚོགས་འཚོགས་པའི་སྐབས་ ལག་ལེན་འཐབ་དོ་ ཡོདཔ་ཨིན་པས།
འཐུས་མི་ཀུན་དགའ་གིས་ སླབ་མིའི་ནང་ ལོ་༥ ལག་ལེན་སྟེ་ཡོདཔ་ལས་ ཨའི་པེཊ་ཚུ་ སྤྱོད་མ་བཏུབ་ཐལ་སོ་ནུག་ཟེར་ཨིན་པས།
འཐུས་མི་ཚུ་གིས་ སྤུས་ཚད་ཅན་གྱི་ མེག་བུག་ལེབ་ཊེབ་ཉོ་ནིའི་དོན་ལུ་ སྟབས་གཅིག་ལག་སྤྲོད་ཀྱི་ འཆར་དངུལ་དགོ་པའི་ གྲོས་འཆར་བཙུགས་ཏེ་ཡོདཔ་ད་ འཐུས་མིའི་དངུལ་ཕོགས་ཚུ་ གཞུང་དྲུང་ཆེན་དང་འཁྲིལ་ཏེ་ཡོདཔ་ལས་ དེ་ཚུ་ ཐོབ་དབང་མིན་འདུག་ཟེར་ཨིན་པས།
འཐུས་མི་ཚུ་གི་ ཟླ་རིམ་གྱི་ གཞི་རྟེན་དངུལ་ཕོགས་དེ་ དངུལ་ཀྲམ་༧༣,༨༤༥ དང་ ཟླ་རིམ་དེད་གཡོགཔ་གི་འཐུས་ དངུལ་ཀྲམ་༡༠,༠༠༠ དེ་ལས་ སྣུམ་འཁོར་བཅོ་ནི་དང་ ས་སྣུམ་འཐུས་ ཟླ་རིམ་དངུལ་ཀྲམ་༡༠,༠༠༠ ཐོབ་པའི་ཁར་ སྣུམ་འཁོར་ཉོ་ནིའི་དོན་ལུ་ སྟབས་གཅིག་ལག་སྤྲོད་ དངུལ་ཀྲམ་ས་ཡ་༡ ཐོབ་དོ་ཡོདཔ་ཨིན་པས།
ཀུན་དགའ་གིས་ སླབ་མིའི་ནང་ འབྲུག་གི་ སྤྱི་ཚོགས་ཀྱི་འཐུས་མི་ཐོབ་དབང་དང་ ལུང་ཕྱོགས་ཀྱི་ འཐུས་མི་ཚུ་གི་བར་ན་ ཁྱད་པར་སྦོམ་ ཆགས་ཏེ་འདུག་ཟེར་ཨིན་པས།
དཔེར་ན་ རྒྱ་གར་གྱི་འཐུས་མི་ཚུ་གི་ ཟླ་རིམ་གཞི་རྟེན་གྱི་འཐུས་ རུ་པི་༡༠༠,༠༠༠ དང་གཅིག་ཁར་ འཐུས་དང་ ཁེ་འཐུས་གཞན་ཚུ་ ཐོབ་དོ་ཡོདཔ་ད་ འཐུས་མི་ཚུ་ འདེམས་ཁོངས་ཀྱི་འཐུས་དང་ ཡིག་ཚང་རྒྱུན་སྐྱོང་ དེ་ལས་ ཚོགས་རྒྱན་བཙུགས་མི་ཚུ་ འབྲེལ་བ་འཐབ་ནི་ལུ་ ཟླ་རིམ་རུ་པི་༧༠,༠༠༠ དེ་རེ་ ཐོབ་པས་ཟེར་ ཀུན་དགའ་གིས་ བཤདཔ་ཨིན་པས།
དེ་མ་ཚད་ ཡིག་ཚང་གི་འཐུས་སྦེ་ ཟླ་རིམ་རུ་པི་༦༠,༠༠༠ དང་ ཚོགས་བཞུགས་རེ་ལུ་ འཐུས་རུ་པི་༢,༠༠༠ དེ་ལས་ ལོ་བསྟར་འགྲུལ་འཕྲིན་དང་ ཨིན་ཊར་ནེཊ་གི་འཐུས་ རུ་པི་༡༥༠,༠༠༠ ཐོབ་པའི་ཁར་ ལོ་བསྟར་ འཐུས་མི་དང་ ཁོང་རའི་བཟའ་ཚང་ཚུ་གི་དོན་ལུ་ རིན་མེད་སྟོང་པ་སྦེ་ ནང་འཁོད་གནམ་གྲུའི་ཤོག་འཛིན་༣༤ ཐོབ་པས་ཟེར་ ཀུན་དགའ་གིས་ བཤད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement