༉ ད་རིས་ སྤྱི་ཚོགས་༤ པའི་ ཚོགས་ཐེངས་༢ པ་ འགོ་འབྱེད་ཀྱི་ མཛད་སྒོའི་རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་མཛད་གནང་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ ལུང་བསྟན་རྡོ་རྗེ་གིས་ མི་དབང་མཆོག་གིས་ ཐུགས་བརྩེ་བའི་སྒོ་ལས་གཟིགས་ཏེ་ བྱོན་གནང་མི་དེ་ལུ་ སྤྱི་ཚོགས་ཀྱི་འཐུས་མི་ཡོངས་ལས་ བཀྲིན་དགའ་ཚོར་ཕུལ་ཡི།
དེ་མ་ཚད་ ཚོགས་དཔོན་གྱིས་ མི་དབང་རྒྱལ་བཙུན་མཆོག་གིས་གཙོས་པའི་ སྐུ་འཁོར་ལྷན་རྒྱས་དང་ གཞུང་གི་ཆེ་མཐོའི་དཔོན་ཁག་ རྒྱལ་སྤྱིའི་ཕྱི་འབྲེལ་སྐུ་ཚབ་ དེ་ལས་ སྒེར་སྡེ་ཁག་གི་ངོ་ཚབ་ཚུ་མ་ཚད་ སློབ་གྲྭ་ཁག་གི་སློབ་དཔོན་དང་ སློབ་ཕྲུག་ཚུ་གིས་ བཅའ་མར་གཏོགས་གནང་མི་ལུ་ཡང་ བཀྲིན་དགའ་ཚོར་ཕུལ་ཡི།
མི་དབང་མཆོག་གིས་ རྒྱལ་ཁབ་ནང་ ནམ་ཡང་འཚོགས་མ་མྱོང་བའི་ རྒྱལ་རབས་ཅན་གྱི་ འབྲུག་གསར་བཏོད་གྲོས་འཛོམས་ཅིག་ སྤ་རོ་ དུང་དཀར་རྫོང་ནང་སྦེ་ རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་ ཉམས་མྱོང་ཅན་དང་ མཁས་མཆོག་ཚུ་ ངོ་འཛོམས་ཐོག་ལས་ ཚོགས་གནང་མི་དེ་གིས་ འབྲུག་པའི་རང་ལུགས་ཀྱི་ ལམ་ལུགས་སྲོལ་དང་ ཆོས་དང་རིག་གཞུང་ དར་ཁྱབ་དང་གོང་འཕེལ་ལུ་ ཕན་ཐོགས་བྱུང་ཡི་ཟེར་ ཚོགས་དཔོན་གྱིས་ཞུ་ཡི།
དེ་མ་ཚད་ དགེ་ལེགས་ཕུག་རང་སྐྱོང་ལུང་ཕྱོགས་ཁྲོམ་གྱི་ ལས་འགུལ་སྐོར་ལས་ མི་མང་གིས་ ཧ་གོ་ནིའི་དོན་ལུ་ མི་སྡེའི་བརྡ་བརྒྱུད་ སྣ་ཚོགས་ཐོག་ལས་ མཇལ་ནིའི་གོ་སྐབས་གནང་མི་དེ་ འབྲུག་པའི་མི་སེར་ཚུ་ དཔའ་ཉམས་བསྐྱེད་དགོ་པའི་ གཞི་གནད་ཅིག་དང་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་ མིང་གཏམ་ཅན་ བཟོ་ནི་གི་ གོ་སྐབས་བཟང་པོ་ཅིག་ གནངམ་ཨིན་མས་ཟེར་ཞུ་ཡི།
ཚོགས་དཔོན་ལུང་བསྟན་རྡོ་རྗེ་གིས་ ལས་འགུལ་གྱི་ བཟོ་བཀོད་དེ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་བཞི་ལུ་ གཞི་བཞག་སྟེ་ བཟོ་གནང་ཡོདཔ་ལས་ རྒྱལ་སྤྱིའི་མཁས་མཆོག་ཚུ་དང་ གསར་བཏོད་ དེ་ལས་ ཚོང་འབྲེལ་པ་དང་ སྒྱུ་རྩལ་མཁནམ་ གཞུང་ལུགས་མཁས་པ་དང་ ཚན་རིག་མཁན་ཚུ་གིས་མ་དོ་བར་ ལས་འགུལ་ལུ་ ཡིད་ཆེས་བསྐྱེད་དེ་ བཅའ་མར་གཏོགས་པར་ འོང་མི་ཚུ་ཡང་ གནམ་མེད་ས་མེད་ ཡིད་ཆེས་འདྲོངས་ཏེ་ འདུག་ཟེར་ཞུ་ཡི།
དྲན་ཤེས་ཅན་དང་ གསར་བཏོད་ ཡུན་བརྟན་ཅན་ལུ་ གཞི་བཞག་སྟེ་ འཚོགས་ཡོད་པའི་གྲོས་འཛོམས་ཀྱིས་ རྒྱལ་ཁབ་ནང་འཁོད་དང་ སྤྱིར་འཛམ་གླིང་ནང་ ཨང་ཅན་འཕྲུལ་རིག་དང་ སྐྱེ་ལྡན་དང་ རང་བཞིན་གནས་སྟངས་ ཤེས་རིག་དང་གསོ་བ་ དེ་ལས་ ཁྲོམ་གྱི་འཆར་བཀོད་དང་ དཔལ་འབྱོར་གཞི་སྒྱུར་ཚུ་གི་ གསར་བཏོད་འབྱུང་སའི་གཞི་ཅིག་སྦེ་ གནས་ནི་ཨིན་མས་ཟེར་ ཚོགས་དཔོན་གྱིས་ཞུ་ཡི།
ཁོ་གིས་ གྲོས་འཛོམས་དེ་གིས་ འབྲུག་རྒྱལ་ཁབ་དང་ འཛམ་གླིང་ནང་ འདྲ་མཉམ་དང་ དགའ་སྐྱིད་ ཞི་བདེ་ཚུ་ ངེས་བརྟན་བཟོ་ནིའི་ གོང་འཕེལ་གི་གནས་རིམ་སྒྲིག་ནི་ལ་སོགས་པ་ཚུ་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ སྤྱི་ཚོགས་ཀྱི་ཧོངས་ལས་ མི་དབང་མཆོག་ལུ་ བཀྲིན་དགའ་ཚོར་ཕུལ་ཡི།
དེ་མ་ཚད་ དགེ་ལེགས་ཕུག་རང་སྐྱོང་ལུང་ཕྱོགས་ཁྲོམ་ ལས་འགུལ་གྱི་དམིགས་འགུལ་དང་ དམིགས་དོན་ཚུ་ ཕྱི་མི་ཚུ་གིས་ལྟ་བའི་སྐབས་ མཐའ་འཁོར་གནས་སྟངས་ ཉེན་སྲུང་འབད་ནི་དང་ ཚོང་འབྲེལ་དང་ དཔལ་འབྱོར་ཡུན་བརྟན་གྱི་དོན་ལུ་ ཐབས་ཤེས་སྣ་ཚོགས་ཀྱི་ཐོག་ ཡང་དག་པའི་དབུ་ཁྲིདཔ་མཛད་མི་ཅིག་ཨིན་པའི་ ཡིད་ཆེས་ངལ་རངས་བྱུངམ་ལས་བརྟེན་ མི་དབང་མཆོག་ཡང་ སྤྱི་ལོ་༢༠༢༤ གི་ TIME 100 Climate ཐོ་ནང་ གནམ་གཤིས་འགྱུར་བའི་ཕྱག་ལཱ་མཛད་མི་ དབུ་ཁིདཔ་ ༡༠༠ གི་གྲས་ཁར་ མཚན་ཐོ་གནང་ཚུགས་མི་དེ་ལུ་ སྤྱི་ཚོགས་ཀྱི་ཁ་ཐུག་ལས་ མི་དབང་མཆོག་ལུ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ བཀྲིས་བདེ་ལེགས་ཀྱི གུས་བཏུད་ཕུལ་ཡི།
དེ་ལས་ མི་དབང་མཆོག་གིས་ མཐུན་ལམ་ཅན་གྱི་ ཕྱིའི་རྒྱལ་ཁབ་ཚུ་ནང་ལས་ཕར་ ཞབས་ཀྱིས་བཅགས་ཏེ་ ཟུང་ཕྱོགས་ཀྱི་གསུང་གྲོས་ཚུ་ མཐར་འཁྱོལ་ཅན་སྦེ་ གནང་ཡོདཔ་མ་ཚད་ དམིགས་བསལ་དུ་ ཕྱི་རྒྱལ་ཨཱསི་ཊེ་ལི་ཡ་ལུ་བྱོན་ཏེ་ འབྲུག་པའི་ན་གཞོན་ཚུ་ལུ་ མཇལ་ཕྲད་གོ་སྐབས་གནང་སྟེ་ གལ་ཆེ་བའི་བཀའ་སློབ་ཚུ་ གསུངས་གནང་པའི་ཁར་ རྒྱལ་ཁབ་ནང་ གསར་བཏོད་ཀྱི་འགྱུར་བ་ཚུ་གི་སྐོར་ལས་ ཐུགས་འཆར་བརྗེ་སོར་ གནང་མི་དེ་ལུ་མཇལཝ་ད་ མི་དབང་མཆོག་གིས་ འབངས་མི་སེར་ལུ་ ཐུགས་བྱམས་བརྩེ་ཡོད་པའི་ བླ་མེད་པའི་ མཛད་བྱ་བཟང་པོ་ཅིག་ཨིན་པའི་ ཡིད་ཆེས་དང་ངལ་རངས་ ཧིང་ལས་ར་བྱུང་ཡི་ཟེར་ ཚོགས་དཔོན་གྱིས་ཞུ་ཡི།
མི་དབང་མཆོག་གིས་ རྒྱལ་ཁབ་གོང་འཕེལ་དང་ མི་སེར་ཡར་དྲག་གི་དོན་ལུ་ ཕྱིའི་རྒྱལ་ཁབ་གཞན་དང་གཞན་ཡང་ གཟིགས་སྐོར་གནང་སྟེ་ ཆིབས་བསྐྱོད་གནང་མི་དེ་ལུ་ སྤྱི་ཚོགས་ཀྱི་ཁ་ཐུགལས་ བཀྲིན་ཡོད་ལུགས་ཚུ་ཞུ་ཡི།
དེ་བཟུམ་སྦེ དུས་ཅི་ སྤྱི་ཟླ་༩ པའི་ཚེས་༥ ལས་ མི་དབང་མཆོག་གིས་ རྒྱལ་སྲུང་ཤོ་ཐེངས་དང་པ་ གཞི་བཙུགས་གནང་མི་དེ་གིས་ ན་གཞོན་ཚུ་གི་རྒྱུད་ལུ་ བརྩི་མཐོང་ཤེས་ཡོན་ཚུ་ཐོབ་སྟེ་ འབྲུག་རྩ་བ་གསུམ་ལུ་ ཐ་དམ་ཚིག་གི་སྒོ་ལས་ ཕྱག་ཕྱིད་ཞུ་ནི་ནང་ ཕན་ཐོགས་སྦོམ་སྦེ་ར་ བྱུང་བཞིན་དུ་ཡོདཔ་ལས་ མི་དབང་མཆོག་གིས་ དེ་བཟུམ་གི་ ཡང་དག་པའི་དགོངས་འཆར་གནང་མི་དེ་ འགྱུར་བ་མེད་པར་ ཡུན་བརྟན་གནས་ཚུགས་ནི་གི་དོན་ལུ་ སྤྱི་ཚོགས་ཀྱིས་ རེ་སྨོན་ཕུལ་ཡི།
ཚོགས་དཔོན་གྱིས་ མི་དབང་མཆོག་གིས་ ཁྲོམ་ཚོགས་ཚུ་ མཛེས་ཆ་དང་ལྡན་པའི་ཁར་ ནང་གི་བདེ་ཉམས་འབྱུང་ཐབས་ཀྱི་དོན་ལུ་ ལོ་བསྟར་རྒྱལ་ཡོངས་མེ་ཏོག་འགྲེམས་སྟོན་གྱི་ ལས་རིམ་གཞི་བཙུགས་གནང་ཡོདཔ་མ་ཚད་ ཐིམ་ཕུག་ ཅང་ཡུལ་གླིང་ག་ འགོ་འབྱེད་གནང་མི་ལུ་ཡང་ བཀྲིན་དགའ་ཚེོར་ཕུལ་ཡི།
ཚོགས་དཔོན་ལུང་བསྟན་རྡོ་རྗེ་གིས་ བློན་ཆེན་གྱིས་ ཕྱིའི་རྒྱལ་ཁབ་ལས་ཕར་ ལྟ་སྐོར་འབད་དེ་ ཟུང་ཕྱོགས་དང་ རྒྱལ་སྤྱིའི་གོང་འཕེལ་མཉམ་རོགས་ཚུ་དང་ཕྱད་དེ་ ད་རེས་ གནས་བཞིན་ཡོད་པའི་ མཐུན་འབྲེལ་བཙན་ཐབས་དང་ མཉམ་འབྲེལ་གྱི་གོ་སྐབས་གསརཔ་ཚུ་ འཚོལ་ཞིབ་ཀྱི་དོན་ལུ་ གསུང་གྲོས་ཚུ་གནང་མི་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ཞུ་ཡི།
ཁོ་གིས་ རྒྱ་གཞུང་དང་ འབྲུག་གཞུང་གཉིས་ཀྱི་ སྔར་ལས་དམ་ཟབ་ཅན་གྱི་ མཐུན་ལམ་ལུ་གཙོ་བོར་བཟུང་སྟེ་ བསམ་གྲུབ་ལྗོངས་མཁར་གྱི་ཉེ་འདབས་ རྒྱ་གར་གྱི་ས་མཚམས་ དཱ་རང་ག་ལུ་ ཕྱི་མི་ནང་སྐྱོད་ཞིབ་དཔྱད་སྒོ་ར་ གསརཔ་ སྒོ་ཕྱེས་གནང་མི་ལུ་ཡང་ དགའ་ཚོར་ཕུལ་ཡི།
གནམ་དགུན་གྱི་ རྒྱལ་ཡོངས་ཚོགས་འདུའི་ནང་ ཁྲིམས་བཟོའི་བཅའ་ཡིག་འཕྲི་སྣོན་༤ དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྤྱི་ལོ་༢༠༢༢-༢༠༢༣ གྱི་ ལོ་བསྟར་སྙན་ཞུ་ དེ་ལས་ ཚོགས་ཐེངས་དང་པའི་ གྲོས་ཆོད་དང་ལེན་གྱི་ གནས་ཚད་སྙན་ཞུ་ཁག་༥ གུ་ གསུང་གྲོས་གནང་ནིའི་ ལས་རིམ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཚོགས་ཆུང་ཚུ་གིས་ བསྐྱར་ཞིབ་ཀྱི་ སྙན་ཞུ་དག་པ་ཅིག་དང་ སྤྱི་ཚོགས་ལྷན་བཞུགས་ནང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ སྤྱི་ལོ་༢༠༢༤ གི་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱི་ ལས་བྱེད་དང་འབྲེལ་བའི་ ལས་འབྲེལ་རྩིས་ཞིབ་སྙན་ཞུའི་ བསྐྱར་ཞིབ་སྙན་ཞུ་ཚུ་གུ་ གསུང་གྲོས་གནང་ནི་གི་ ལས་འཆར་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement