༉ འབྲུག་གི་ བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་འདུ་དང་ ཚོགས་སྡེའི་བཙག་འཐུ་ཐེངས་༤ པའི་ནང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༥༢༨.༠༣ དེ་ཅིག་ བཏང་ཡོདཔ་ཨིན་པས།
ཨིན་རུང་ འདས་པའི་བཙག་འཐུའི་ ཟད་འགྲོ་དང་ཕྱདཔ་ད་ དུམ་གྲ་ཅིག་ མར་བབས་སོང་ཡོདཔ་ཨིན་པས།
རྒྱལ་ཡོངས་བཙག་འཐུའི་དོན་ལུ་ དངུལ་ཀྲམ་ས་ཡ་༣༥༨.༧༠༣ བགོ་བཀྲམ་འབད་མི་དེ་ སྤྱི་ལོ་༢༠༡༨ ལུ་ དངུལ་ཀྲམ་ས་ཡ་༤༣༩.༨༡ བགོ་བཀྲམ་འབད་མི་ལས་ ད་རེས་ དངུལ་ཀྲམ་ས་ཡ་༨༡.༡༠༩ མར་བབས་སོང་ནུག།
དེ་བཟུམ་སྦེ་ རྒྱལ་ཡོངས་ཚོགས་སྡེའི་ ཟད་འགྲོ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༡༦༩.༣༢༧ གནས་མི་དེ་ སྤྱི་ལོ་༢༠༡༨ ཕྱདཔ་ད་ དངུལ་ཀྲམ་ས་ཡ་༧༦.༥༡༧ དེ་ཅིག་ མར་བབས་སོང་ཡོདཔ་ད་ ལོ་དེ་ནང་ དངུལ་ཀྲམ་ས་ཡ་༢༤༥.༨༤༤ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ བཀོད་མིའི་ནང་ ཟད་འགྲོ་མར་ཕབ་དེ་ཡང་ མ་དངུལ་ཚུ་ ཚད་ལྡན་སྦེ་ ལག་ལེན་འཐབ་ཡོདཔ་བཞིན་དུ་ ཚོགས་རྒྱན་འདྲ་པར་ པར་སྐྲུན་འབད་ནི་དང་ ཚོགས་རྒྱན་ས་ཁོངས་༨༦༧ ལས་༨༠༩ ལུ་ མར་ཕབ་འབད་མི་ དེ་ལས་ ཚོགས་རྒྱན་འགོ་དཔོན་ཚུ་ཡང་ ཚོགས་རྒྱན་ས་ཁོངས་༡ ནང་ གྱངས་ཁ་༦ ཡོད་མི་ལས་༤ ལུ་ མར་ཕབ་འབད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཟད་འགྲོ་མར་ཕབ་འབད་ཡོད་རུང་ སྐྱ་ནམ་གྱི་ གོང་ཚད་ཡར་འཕར་སོངམ་དང་འབྲེལ་ འགོ་དཔོན་ཚུ་གི་ ཉིན་བསྟར་གྱི་འཐུས་ཡང་ ཞི་གཡོག་སྡེ་རིམ་པི་ནང་ཡོད་མི་གི་ ཉིན་བསྟར་འཐུས་དེ་ དངུལ་ཀྲམ་༡,༠༠༠ ལས་༡,༥༠༠ ལུ་དང་ ལྟ་བཀོདཔ་ཞི་གཡོག་གི་ ཉིན་བསྟར་གྱི་འཐུས་དེ་ དངུལ་ཀྲམ་༥༠༠ ལས་༡,༠༠༠ ཡར་སེང་འབད་ཡི་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་ འགོ་ཐོག་བཙག་འཐུ་སྐབས་ སྲིད་དོན་ཚོགས་པ་༥ པོ་ཆ་ར་གིས་ སྐུལ་བསྒྲགས་འབད་བའི་ ཟད་འགྲོ་ལྷག་ལུས་ཚུ་ ལོག་བྱིན་མི་གྲས་ལས་མཐོ་ཤོས་ར་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་གིས་ བྱིན་ཡོདཔ་ཨིན་པས།
ཚོགས་པ་ཚུ་གིས་ དངུལ་ཀྲམ་ས་ཡ་༢.༡ དེ་ཅིག་ ལོག་བཙག་འཐུ་ལྷན་ཚོགས་ལུ་ བྱིན་ཡོདཔ་ཨིན་པས།
དེ་ལས་ སྤྱིར་བཏང་བཙག་འཐུའི་སྐབས་ འདེམས་ངོ་༥༥ གིས་ སྐུལ་བསྒྲགས་འབད་བའི་ ལྷག་ལུས་མ་དངུལ་ དངུལ་ཀྲམ་ཡོངས་བསྡོམས་ དངུལ་ཀྲམ་༡༩༡,༣༩༠.༦༦ ལོག་བྱིན་ཡོདཔ་ཨིན་པས།
འདེམས་ངོ་རེ་གིས་ བཙག་འཐུ་ལྷན་ཚོགས་ལས་ སྐུལ་བསྒྲགས་འབད་ནི་ལུ་ ཟད་འགྲོ་དངུལ་ཀྲམ་༡༥༠,༠༠༠ རེ་ ཐོབ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་ཐེངས་༤ པའི་ བཙག་འཐུ་ཤེས་ཡོན་ འགོ་འདྲེན་འཐབ་ནིའི་དོན་ལུ་ མ་དངུལ་དངུལ་ཀྲམ་ས་ཡ་༢.༤༩༨ དང་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ དངུལ་ཀྲམ་༢.༧༤ བགོ་བཀྲམ་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་ བཙག་འཐུ་ཐེངས་༤ པའི་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༥༤.༦༤ གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ཐད་ཁར་ བརྒྱ་ཆ་༦༥.༦ གིས་ ཚོགས་རྒྱན་བཙུགས་པར་ འོང་མི་ཡོདཔ་ད་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུ་ནང་འབད་བ་ཅིན་ བརྒྱ་ཆ་༧༡.༤༦ གིས་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ཨིན་པས།
ཚོགས་རྒྱན་བཙུགས་མིའི་གྱངས་ཁ་ མར་བབས་སོང་བའི་ གནད་དོན་སེལ་ཐབས་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ཁྲོམ་འབྲེལ་དང་ཚོགས་རྒྱན་བཙུགས་མིའི་ ཤེས་ཡོན་ལས་རིམ་ལྷན་ཐབས་ འགོ་འབྱེད་འབད་དོ་ཡོདཔ་ཨིན་པས།
དེ་ཡང་ གྲོས་བསྟུན་པ་ཚུ་དང་ མཉམ་འབྲེལ་ཐོག་ལས་ བཟོ་ཡོདཔ་ད་ ལས་རིམ་དེ་ ན་གཞོན་དང་ སློབ་ཕྲུག་ ཨམ་སྲུ་ དབང་པོ་སྐྱོན་ཅན་ གྲོང་གསེབ་མི་སྡེ་ དེ་ལས་ ཁྲོམ་ནང་སྡོད་མི་བརྩིས་ཏེ་ སྡེ་ཚན་གཙོ་ཅན་༦ ལུ་ གཙོ་རིམ་བཟུང་སྟེ་ ཡོདཔ་ཨིན་པས།
མོ་བཏབ་ལས་རིམ་དེ་ མཐར་འཁྱོལ་ཅན་ཅིག་སྦེ་ བྱུང་བའི་ཤུལ་ལས་ ཁྲོམ་འབྲེལ་དང་ཚོགས་རྒྱན་བཙུགས་མི་ཤེས་ཡོན་ལས་རིམ་དེ་ བསྐྱར་ཞིབ་ལེགས་ཤོམ་སྦེ་འབད་དེ་ གནམ་དགུན་གྱི་ལུ་ ལག་ལེན་ཧྲིལ་བུམ་འཐབ་ནི་ཨིན་པས།
ལས་རིམ་གྱི་དོན་ལུ་ ལྷན་ཚོགས་ཀྱིས་ དངུལ་རྩིས་ལྷན་ཁག་ལུ་ ཁ་སྐོང་མ་དངུལ་དགོ་པའི་ ཞུ་བ་འབད་དེ་ཡོདཔ་ད་ མ་འོངས་པའི་ བཙག་འཐུ་ནང་ ཚོགས་རྒྱན་བཙུགས་པར་འོང་མི་ ཡར་སེང་འབད་ནིའི་དོན་ལུ་ ལྷན་ཚོགས་ཀྱིས་ གསར་བཏོད་ཐབས་བྱུས་ཚུ་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement