༉ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་ནང་ དམངས་རྩིས་ཚོགས་ཆུང་གིས་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱི་ ལས་སྤྱོད་དང་འབྲེལ་བའི་ ལས་འབྲེལ་རྩིས་ཞིབ་བསྐྱར་ཞིབ་གུ་ གྲོས་འདེབས་༡༠ ག་ར་ ཆ་འཇོག་འབད་ཡོདཔ་ཨིན་པས།
ཚོགས་ཁང་ནང་ སྤྱི་ཚོགས་ཀྱི་འཐུས་མི་༡༡ གིས་ ས་གཏེར་ལས་སྡེའི་ནང་ ལས་འཛིན་གྱི་ ལག་ལེན་ལྷན་ཐབས་ཐབས་ལམ་དང་ གནད་དོན་སྦོམ་ཚུ་ སེལ་ཐབས་འབད་ནིའི་དོན་ལུ་ ངོས་ལེན་འབད་ཡོདཔ་ཨིན་པས།
ཚོགས་ཁང་གིས་ གཞུང་ལུ་ རྒྱལ་ཁབ་ནང་ འོས་འབབ་ཅན་གྱི་ ས་གཏེར་ཚུ་གི་དོན་ལུ་ རྒྱལ་ཡོངས་ནང་ ས་གཏེར་ཐོན་སྐྱེད་ཀྱི་ སབ་ཁྲ་བཟོ་ནི་དང་ ཞིབ་འཇུག་ཚུ་ ཚ་ངེར་བཏོན་ཏེ་གནང་དགོ་པའི་ཁར་ ས་རིག་དང་ ས་གཏེར་ལས་ཁུངས་ཀྱིས་ ལཱ་འགན་ཚུ་ ཕན་ནུས་ཅན་སྦེ་ སྒྲུབ་ཐབས་ལུ་ ལྕོགས་གྲུབ་དང་ ཁྱད་རིག་ཅན་གྱི་ མི་སྟོབས་ཚུ་ ལངམ་སྦེ་བཙུགས་དགོ་དགོ་སྦེ་ བཀའ་རྒྱ་གནང་ནུག།
འཐུས་མི་ཚུ་གིས་ རྡོ་དཀར་དང་ རྡོ་སོལ་སྐྱེལ་འདྲེན་ཟད་འགྲོ་མར་ཕབ་དང་ ནང་ཁོད་རྩི་ས་དེ་ དོ་འགྲན་ཅན་བཟོ་ཐབས་ལུ་ བདེ་བ་ཐང་དང་ ངང་ལམ་གྱི་གཞུང་ལམ་བསལ་ནི་ལུ་ ཚ་ངེར་བཏོན་དགོཔ་འདུག་ཟེར་ཨིན་པས།
གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་བློན་པོ་ ཅཱན་ད་ར་ བྷ་དུར་ གུ་རུང་གིས་ ངང་ལམ་ལས་ ཆོས་འཁོར་གླིང་ཚུན་ ཀི་ལོ་མི་ཊར་༢༤ བསལ་ཚར་ཏེ་ཡོདཔ་བཞིན་དུ་ འཕྲལ་མགྱོགས་ར་ གཏན་འཇགས་ཀྱི་ལཱ་ཚུ་ ཁག་འབགཔ་ལུ་ སྤྲོད་ནི་ཨིནམ་ལས་ ལཱ་དེ་ སྤྱི་ལོ་༢༠༢༧ གྱི་ནང་འཁོད་ མཇུག་བསྡུ་ནི་ལུ་ རེ་བ་བསྐྱེད་དེ་ ཡོད་ཟེར་ཨིན་པས།
ལམ་བསལ་ནིའི་ལཱ་ཚུ་ཡང་ དཱན་ཊག་ལས་འགུལ་གྱིས་ འབད་དོ་ཡོདཔ་ཨིན་པས།
གྲོས་འདེབས་གཞན་མི་དེ་ རྡོ་སོལ་ཕྱིར་ཚོང་འཐབ་ནི་ནང་ སྐྱེལ་འདྲེན་གྱི་ ཟད་འགྲོ་མར་ཕབ་འབད་ནིའི་དོན་ལུ་ བསམ་རྩེ་ པག་ལི་ལུ་ རེལ་ལི་ལམ་ཅིག་ བཟོ་སྐྲུན་འབད་དགོཔ་ཨིན་པས།
བློན་པོ་ཅཱན་ད་ར་ བྷ་དུར་ གུ་རུང་གིས་ ཞུ་མིའི་ནང་ འོས་འབབ་བརྟག་ཞིབ་ཀྱི་དོན་ལུ་ བསམ་རྩེ་ དམ་དུམ་ལུ་ རིལ་ལི་ལམ་ མཐུད་སྦྲེལ་འབད་ནི་གི་ ཐག་བཅད་ས་ཁོངས་དེ་ རྒྱ་གར་གཞུང་ལུ་ ཕུལ་ཏེ་ཡོདཔ་ད་ དམ་དུམ་གདམ་ཁ་རྐྱབ་མི་དེ་ཡང་ བཟོ་གྲྭ་ས་ཁོངས་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཚོགས་ཆུང་གིས་ ཚོང་འབྲེལ་གྱི་ཐབས་བྱུས་འདི་ དམིགས་བསལ་གྱི་ལས་སྡེ་དང་ ཡང་ཅིན་ མཁས་མཆོག་གསརཔ་བཞག་པའི་སྐབས་ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་གི་འོག་ལུ་ཡོད་པའི་ ས་རིག་དང་ས་གཏེར་ལས་ཁུངས་ཀྱིས་ ཐབས་རིག་གི་ འོས་འབབ་དང་ མཐའ་འཇུག་གི་ ས་གཏེར་འོས་འབབ་ཞིབ་འཇུག་ནང་ གསོག་འཇོག་ལངམ་སྦེ་ ཡོད་མེད་ལྟ་རྟོག་འབད་དེ་ ཚད་གཟུང་དགོཔ་འདུག་ཟེར་ཨིན་པས།
འཐུས་མི་ཚུ་གིས་ ལོ་བསྟར་ས་གཏེར་ཐོན་སྐྱེད་འབད་མི་གི་ དམིགས་གཏད་ཀྱིས་ ནང་འཁོད་བཟོ་གྲྭ་ཁང་ཚུ་ལུ་ ལངམ་སྦེ་དགོ་ཟེར་ཨིན་པས།
སྤྱི་ཚོགས་ལྷན་བཞུགས་ཀྱིས་ ས་གཏེར་ནང་ ཚོང་འབྲེལ་ཐབས་བྱུས་དང་ ཚོ་ལམ་གྱི་དོན་ལུ་ ལས་ཁུངས་ནང་ ཁྱད་རིག་ ཁ་སྐོང་བཙུགས་ནི་དང་ ལས་སྡེ་གཞན་ཚུ་ལས་ གླ་ཁར་ལེན་ནི་གི་ གྲོས་འདེབས་ཚུ་ཡང་ ཆ་འཇོག་འབད་ཡོདཔ་ཨིན་པས།
ས་གཏེར་ལུ་བརྟེན་ མི་སྡེ་དང་ རང་བཞིན་གནས་སྟངས་ཀྱི་ གནོད་པ་ལུ་ ངོས་ལེན་འབད་དེ་ ཚོགས་ཆུང་གིས་ རླུང་དང་ཆུ་ ཐལཝ་བཙོག་རླུང་ཞུགས་མི་དང་ དེ་ལས་ བཟོ་བཀོད་དང་ ལོ་ཐོག་ལུ་གནོད་སྐྱོན་བྱུང་མི་ལུ་ འོས་ལྡན་བརྟག་དཔྱད་འབད་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
འཐུས་མི་ཚུ་གིས་ ས་གཏེར་དང་གཏེར་ཁ་འཛིན་སྐྱོང་བཅའ་ཁྲིམས་༡༩༩༥ དང་ ས་གཏེར་གོང་འཕེལ་སྲིད་བྱུས་༢༠༡༧ ཅན་མའི་ནང་ དེ་བཟུམ་གྱི་ ཐབས་ལམ་བཏོན་དགོཔ་ཡོད་རུང་ ལག་ལེན་འཐབ་མ་ཚུགས་པས་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ཚོགས་ལྷན་བཞུགས་ཀྱིས་ གཞུང་དང་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱིས་ ཡུན་རིང་གི་ ས་གཏེར་རྒྱ་སྐྱེད་འཆར་གཞི་དང་ གནོད་སྐྱོན་བྱུང་མིའི་ མི་སྡེ་ཚུ་གི་དོན་ལུ་ ས་ཆ་མཁོ་སྒྲུབ་དང་ གཞིས་སྤོ་ནིའི་ ཐབས་བྱུས་ཡོངས་རྫོགས་བཟོ་དགོཔ་སྦེ་ ཆ་འཇོག་འབད་ཡོདཔ་ཨིན་པས།
ལས་བྱེདཔ་ཚུ་གི་ རིག་རྩལ་གོང་འཕེལ་གཏང་ནིའི་དོན་ལུ་ རྒྱལ་ཁམས་ས་གཏེར་ལས་འཛིན་ལུ་ མི་སྟོབས་གོང་འཕེལ་གྱི་ འཆར་གཞི་ཨམ་བཟོ་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ད་ ད་རེས་ ལས་འཛིན་གྱིས་ ལོ་བསྟར་བཞིན་དུ་ སྦྱོང་བརྡར་གྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡.༣ བཏང་དོ་ཡོདཔ་ཨིན་པས།
འབྲུག་གློག་རིག་ཅ་དམ་འཛིན་སྐྱོང་རིམ་ལུགས་དང་ འབྲུག་ཚོང་འབྲེལ་དངུལ་རྩིས་རིམ་ལུགས་ དེ་ལས་ འབྲུག་གཅིག་བསྡོམས་འོང་འབབ་འཛིན་སྐྱོང་རིམ་ལུགས་ལ་སོགས་པའི་ ཡོངས་འབྲེལ་ཚད་འཛིན་གྱི་ མ་སྒོ་ཚུའི་ འཇོན་ཐང་ཅན་ཅིག་མེད་མི་ལུ་བརྟེན་ འཛིན་སྐྱོང་འཐབ་ནི་ལུ་ དཀའ་ངལ་དང་ གདོང་ལེན་བྱུང་སྟེ་འདུག་ཟེར་ འཐུས་མི་ཚུ་གིས་ ཞུ་ཡོདཔ་ཨིན་པས།
དམངས་རྩིས་ཚོགས་ཆུང་གི་ གྲོས་འདེབས་ཁག་༩ ཕུལ་མི་གི་ ཁ་སྐོང་སྦེ་ ཚོགས་དཔོན་སངས་མཁའ་འགྲོ་གིས་ ས་གཏེར་གྱི་ གོང་ཚད་དང་ སྤུས་ཚད་དང་འབྲེལ་བའི་ གནད་དོན་སེལ་ཐབས་ལུ་ གཞུང་གིས་ དེ་འཕྲོ་ལས་ འབྲེལ་ཡོད་ལས་སྡེ་དང་ ནང་འཁོད་བཟོ་གྲྭ་ཁང་ཚུ་དང་ གྲོས་བསྟུན་འབད་དགོཔ་སྦེ་ གྲོས་འདེབས་ཕུལ་ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement