༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ གནས་ཐོ་དང་འཁྲིལཝ་ད་ ན་ཧིང་ སྤྱི་ཟླ་༡༠ པ་དང་ཕྱདཔ་ད་ དུས་ཅི་ སྤྱི་ཟླ་༡༠ པ་ཚུན་ལུ་ རྒྱལ་ཁབ་ཀྱི་ སྐྱ་ནམ་དང་ ཞབས་ཏོག་གྱི་ཚད་གཞི་བརྒྱ་ཆ་༡.༣༤ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
དེ་འབདཝ་ལས་ ཉོ་སྤྱོདཔ་ཚུ་གིས་ ན་ཧིང་གི་ལོ་ནང་ ཅ་ཆས་ཀྱི་གནས་གོང་དེ་ དུས་ཅི་ བརྒྱ་ཆ་༡.༣༤ ཡར་སེང་ཐོག་ སྤྲོད་དགོཔ་སྦེ་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༢༢ ཟླ་༡༠ པའི་ནང་ ཨོམ་ཤོག་སྒམ་རེ་ལུ་ གོང་ཚད་དངུལ་ཀྲམ་༡༠༠ རེ་འབད་མི་དེ་ དུས་ཅི་ དངུལ་ཀྲམ་༡༠༡.༣༤ སྤྲོད་དེ་ ཉོ་དགོཔ་སྦེ་ཨིན་པས།
སྐྱ་ནམ་གོང་ཚད་ཡར་སེང་དེ་ཡང་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་འཁོད་ལུ་ བརྒྱ་ཆ་༥.༠༧ ཡར་སེང་སོང་ཡོདཔ་ད་ དུས་ཅི་འབད་བ་ཅིན་ སྤྱི་ཟླ་༩ པའི་ནང་འཁོད་ལུ་ བརྒྱ་ཆ་༡.༣༤ ཡར་སེང་སོང་ཡོད་པའི་ སྙན་ཞུ་ནང་འཁོད་དེ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ གི་ འདས་པའི་ཟླཝ་༩ གི་ནང་འཁོད་ལུ་ ཚོད་སྙོམས་ཐོག་བརྒྱ་ཆ་༣.༠༡ ཡར་སེང་སོང་ཡོད་མི་ཚུ་ཡང་ ཟ་ཆས་དང་ བསིལ་འཐུང་གི་གོང་ཚད་ཚུ་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
སྐྱ་ནམ་གྱི་གོང་ཚད་དེ་ ཡར་སེང་འགྱོཝ་ད་ དངུལ་ཀྲམ་གྱི་ཤུགས་ཚད་ བརྒྱ་ཆ་༡.༣༣ མར་བབས་སོང་ཡོདཔ་སྦེ་ཨིནམ་ད་ དུ་ཅི་སྤྱི་ཟླ་༦ པའི་ནང་ ཅ་ཆས་དངུལ་ཀྲམ་༡༠༠ སྦེ་ཉོ་མི་དེ་ སྤྱི་ལོ་༢༠༡༢ ལུ་ འབད་བ་ཅིན་ གོང་ཚད་དངུལ་ཀྲམ་༥༦.༤ སྦེ་ འདུག་ཟེར་ཨིན་པས།
ཆུམ་གྱི་གོང་ཚད་དེ་ རྒྱ་ཆེཝ་སྦེ་ར་ ཡར་སེང་སོང་ཡོདཔ་ད་ དེ་ཡང་ ཟ་ཆས་ཀྱི་གོང་ཚད་དེ་ སྤྱི་ཟླ་༡༠ པའི་ནང་འཁོད་ལུ་ བརྒྱ་ཆ་༤.༦༢ ཡར་སེང་སོང་ཡོདཔ་སྦེ་ཨིནམ་ད་ ཟ་འཐུང་དང་ བསིལ་ཆུ་ལ་སོགས་པ་ཚུ་གིས་ གནས་ཐོའི་ནང་ གོང་ཚད་བརྒྱ་ཆ་༥.༡༤ ཡར་སེང་སོང་ཡོདཔ་སྦེ་ཨིནམ་ད་ ཆང་གི་རིགས་ཚུ་བརྒྱ་ཆ་༡.༧ མར་བབས་སོང་ཡོདཔ་སྦེ་ཨིན་པས།
དེ་འབདཝ་ད་ ཟ་ཆས་མིན་པའི་སྐྱ་ནམ་གྱི་རིགས་ཚུ་ འབད་བ་ཅིན་ ཟླཝ་དེ་ཁ་ར་ བརྒྱ་ཆ་༡.༧༢ མར་བབས་སོང་ཡོདཔ་སྦེ་ཨིནམ་ད་ འདི་ཚུ་ཁྱིམ་བཟོ་དང་ མཁོ་ཆས་གཞན་གྱི་རིགས་ཚུ་ བརྒྱ་ཆ་༠.༩༩ དང་ གསོ་བའི་ནང་ བརྒྱ་ཆ་༠.༥༠ དེ་ལས་ སྐྱེལ་འདྲེན་ནང་ བརྒྱ་ཆ་༩.༡༡ མར་བབས་སོང་ཡོདཔ་སྦེ་ཨིན་པས།
ཟླ་རིམ་གྱི་དབང་དུ་བཏང་པ་ཅིན་ སྤྱི་ཟླ་༡༠ པ་ཚུན་ལུ་ བརྒྱ་ཆ་༠.༦༥ རེ་ཡར་སེང་དང་ སྤྱི་ཟླ་༩ པ་ལས་འབདཝ་ད་ བརྒྱ་ཆ་༠.༧༥ ཡར་སེང་དང་ གོ་རིམ་བཞིན་དུ་སྦེ་ ཟ་ཆས་དང་ ཟ་ཆས་མིན་པའི་སྐྱ་ནམ་གྱི་གོང་ཚད་ཚུ་ མཐོ་སུ་སྦེ་ཡོདཔ་ཨིན་པས།
ལུང་ཕྱོགས་བཞི་ཡོད་པའི་གྲས་ལས་ མཐོ་ཤོས་དེ་ ཐིམ་ཕུག་ལུང་གཤོང་ནང་ཨིནམ་ད་ དེ་ཡང་ སྤྱི་ཟླ་༡༠ པ་ཚུན་ལུ་ བརྒྱ་ཆ་༡.༡༦ འབད་མི་དེ་ མཐོ་ཤོས་ཨིནམ་བཞིན་དུ་ འདི་ཚུ་ག་ར་ གཙོ་བོ་ར་ ཟ་ཆས་ཀྱིས་ བརྒྱ་ཆ་༡.༨༩ འབད་མི་དང་ ཟ་ཆས་མིན་པའི་མཁོ་ཆས་ཀྱིས་ བརྒྱ་ཆ་༠.༤༩ འབད་མི་དེ་ཨིན་པས།
ནུབ་ཕྱོགས་ལུང་ཕྱོགས་ནང་ འབད་བ་ཅིན་ ཟླ་རིམ་བཞིན་དུ་ བརྒྱ་ཆ་༠.༤༧ ཡར་སེང་འགྱོ་མི་དེ་ཨིནམ་ད་ དེ་ཡང་ མགར་ས་ སྤུ་ན་ཁ་ ཐིམ་ཕུག་ དབང་འདུས་ ཧཱ་ སྤ་རོ་ བསམ་རྩེ་ ཆུ་ཁ་ཚུ་ནང་ཡོདཔ་ཨིན་པས།
ལྟེ་བའི་ལུང་གཤོང་ནང་ འབད་བ་ཅིན་ བརྒྱ་ཆ་༠.༣༨ ཡར་སེང་སོང་མི་དེ་ དར་དཀར་ནང་ གསར་སྤང་ གཞལམ་སྒང་ ཀྲོང་གསར་ དེ་ལས་ རྩི་རང་ཚུ་རྩིས་ཏེ་ཨིན་པས།
འདས་པའི་ལོ་ལུ་ སྐྱ་ནམ་གོང་ཚད་བརྒྱ་ཆ་༤.༢༣ ལུ་ ཡར་སེང་སོང་ཡོདཔ་ད་ མར་བབས་དེ་ བརྒྱ་ཆ་༡.༤༡ ཨིནམ་བཞིན་དུ་ སྤྱི་ལོ་༢༠༢༢ ལུ་ བརྒྱ་ཆ་༥.༦༤ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
སྤྱིར་བཏང་ལུ་ འདས་པའི་ལོ་ལུ་ ཟ་ཆས་ཀྱི་གོང་ཚད་དེ་ བརྒྱ་ཆ་༣.༩༧ ལུ་ ཡར་སེང་སོང་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།