༉ གཞུང་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ བཟོ་སྐྲུན་ལས་སྡེའི་ བགོ་བཤའ་དེ་ སྤྱི་ལོ་༢༠༢༡ ལུ་ བརྒྱ་ཆ་༣༠ ཡོད་མི་ལས་ སྤྱི་ལོ་༢༠༢༩ འི་ནང་འཁོད་ལུ་ བརྒྱ་ཆ་༣༠ ཡར་འཕར་གཏང་ནི་ཨིན་པས།
དེ་ཡང་ བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ བཤད་ཡོད་པའི་བཞིན་དུ་ བཟོ་གྲྭ་གཞི་སྒྱུར་གྱི་ས་ཁྲ་དེ་ སྤྱི་ཟླ་༦ པའི་ནང་ གྲ་སྒྲིག་འགྱོ་འོང་ཟེར་ཨིན་པས།
ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ བཟོ་སྐྲུན་ལས་སྡེའི་ བགོ་བཤའ་དེ་ འདས་པའི་ལོ་ཚུ་ལས་ མར་བབས་སོང་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༡༠ ལུ་ དངུལ་ཀྲམ་ཐེར་འབུམ་༦.༣༢ འབདཝ་ད་ བརྒྱ་ཆ་༨.༩༣ ལས་ སྤྱི་ལོ་༢༠༢༢ ལུ་ དངུལ་ཀྲམ་ཐེར་འབུམ་༡༩.༨༨ འབདཝ་ད་ བརྒྱ་ཆ་༦.༧༣ དེ་ཅིག་ མར་བབས་སོང་ནུག།
རྒྱལ་ཡོངས་རྩིས་ཁྲ་གནས་སྡུད་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༢ ལུ་ བཟོ་སྐྲུན་ལས་སྡེ་ལས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ བགོ་བཤའ་བརྒྱ་ཆ་༩.༠༦ ཡོད་མི་ལས་ སྤྱི་ལོ་༢༠༡༧ ལུ་ བརྒྱ་ཆ་༧.༥༡ དེ་ལས་ སྤྱི་ལོ་༢༠༢༡ ལུ་ དངུལ་ཀྲམ་ཐེར་འབུམ་༡༡ འབདཝ་ད་ བརྒྱ་ཆ་༥.༨༦ དེ་ཅིག་ མར་བབས་སོང་ཡོདཔ་ཨིན་པས།
བློན་པོ་གིས་ སླབ་མིའི་ནང་ བཟོ་གྲྭ་གཞི་སྒྱུར་ས་ཁྲའི་གུ་ ལཱ་འབད་བའི་བསྒང་ཡོདཔ་བཞིན་དུ་ མཁས་མཆོག་ཚུ་གིས་ བཟོ་གྲྭ་དང་འབྲེལ་བའི་ བརྡ་དོན་དང་ དགོས་མཁོ་ཅན་གྱི་ གནས་སྡུད་ཚུ་ བསྡུ་ལེན་འབད་དོ་ཡོདཔ་ཨིན་པས།
བཟོ་གྲྭ་བརྟག་ཞིབ་དང་ འབྲེལ་ཡོད་ལས་སྡེ་གྲོས་བསྟུན་ དེ་ལས་ དབྱེ་དཔྱད་ཚུ་འབད་དགོཔ་ད་ བཟོ་གྲྭ་གཞི་སྒྱུར་ས་ཁྲའི་ གཙོ་རིམ་ལས་སྡེ་༣ དུས་ཅི་ སྤྱི་ཟླ་༦ པའི་ནང་ བཟོ་ནི་ཨིནམ་ད་ བར་འཛུལ་དང་ ཐབས་ལམ་དགོས་མཁོ་ཡོད་མི་ཚུ་ བཟོ་གྲྭ་གཞི་སྒྱུར་ས་ཁྲ་ བཟོ་ཚར་བའི་ཤུལ་ལས་རྐྱངམ་གཅིག་ ཤེས་ཚུགས་ནི་མས་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
བློན་པོ་དང་འཁྲིལ་བ་ཅིན་ ལྷན་ཁག་གིས་ འཛམ་གླིང་རྒྱལ་སྤྱི་གོང་འཕེལ་ལས་རིམ་གྱི་ རྒྱབ་སྐྱོར་ཐོག་ལས་ བཟོ་གྲྭ་གཞི་སྒྱུར་ས་ཁྲ་བཟོ་ཡོདཔ་བཞིན་དུ་ ཡུན་བརྟན་གྱི་ བཟོ་གྲྭ་ཐབས་བྱུས་ལ་སོགས་པ་ཚུ་ལུ་ གཙོ་རིམ་བཟུང་སྟེ་ཡོདཔ་ཨིན་པས།
དེ་ཡང་ ཐོན་སྐྱེད་ལེགས་སྒྱུར་འབད་ནིའི་དོན་ལས་ དམིགས་བསལ་ལས་སྡེ་ཐབས་བྱུས་བཟོ་ནི་དང་ སྒེར་སྡེའི་ནང་ མཉམ་འབྲེལ་བཟོ་ནི་ དེ་ལས་ སྤྱི་ལོ་༢༠༣༠ ནང་འཁོད་ལུ་ གསར་བཏོད་དང་འཕྲུལ་རིག་ཐོག་ལས་ འབབ་ཁུངས་ཆེ་བའི་ རྒྱལ་ཁབ་ཅིག་ལུ་བཟོ་ནི་ལུ་དམིགས་ཏེ་ཨིན་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
གཞུང་གིས་ བཟོ་གྲྭ་གོང་འཕེལ་གཏང་ནིའི་དོན་ལུ་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་དེ་ གཞི་རྟེན་གོང་འཕེལ་གཏང་ནི་དང་ སྒེར་སྡེ་ཚུ་གིས་ ཆོག་ཐམ་ལེན་ནི་ ཞབས་ཏོག་གི་ ལམ་ལུགས་ས་གོ་གཅིག་ནང་ལས་ ཐོབ་ཚུགས་བཟོ་ནི་ རེ་བ་ཡོདཔ་ད་ དེ་ཡང་ དཔལ་འབྱོར་ལྷན་ཐབས་ཀྱི་ གཙོ་རིམ་ཅིག་གི་ འཆར་གཞི་ཅིག་ཨིན་པས།
བློན་པོ་གིས་ སླབ་མིའི་ནང་ གཞུང་གིས་ ཕྱིར་ཚོང་འོས་འབབ་དང་ ལཱ་གཡོག་གི་གོ་སྐབས་བཟོ་ནི་ དེ་ལས་ ནང་འཁོད་ལས་ཐོན་སྐྱེད་འབད་བའི་ ཅ་ཆས་ཚུ་བཟོ་ནི་ལུ་ གཙོ་རིམ་བཟུང་དོ་ཟེར་ཨིན་པས།
འདས་པའི་གཞུང་གིས་ སི་ལི་ཀཱོན་ཅིབསི་དང་ རྡོ་གནག་གི་འཕྲུལ་ལྟོ་བཟོ་གྲྭ་ གཞི་བཙུགས་འབད་ནི་ འཆར་གཞི་ཡོད་མི་ལུ་ དྲི་དཔྱད་འབད་བའི་སྐབས་ བློན་པོ་གིས་ སླབ་མིའི་ནང་ ད་རེས་ གདོང་ལེན་སེལ་ཐབས་འབད་ནིའི་དོན་ལས་ བཟོ་གྲྭ་ཁང་ཚུ་ལུ་ ལྷན་ཐབས་དང་ རྒྱབ་སྐྱོར་ཚུ་འབད་དོ་ཟེར་ཨིན་པས།
ཨིན་རུང་ གསར་བཏོད་ཅན་གྱི་ གནས་སྐབས་གསརཔ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་ལུ་ ཞིབ་འཛོལ་འབད་དགོཔ་ད་ དེ་གིས་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ཁེ་ཕན་ཅིག་ དགོ་ཟེར་ཨིན་པས།
བློན་པོ་གིས་ སྒེར་སྡེ་གོང་འཕེལ་གཏང་ནིའི་དོན་ལུ་ གཞུང་གི་འགན་ཁུར་དེ་ སྲིད་བྱུས་ཚུ་མ་གཏོགས་ ཚོང་ལམ་འབྲེལ་ཡོད་དང་ དོ་འགྲན་ཅན་བཟོ་ནི་ལུ་ ནུས་ལུགས་ལེགས་བཅོས་འབད་དགོཔ་ཨིན་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།