༉ རྒྱལ་ཁབ་ནང་ ཆུམ་གྱི་རིགས་མ་འདྲཝ་ཐོན་སྐྱེད་འབད་མི་ ཡོངས་གྲགས་ཅན་གྱི་ སྤུ་ན་ཁ་རྫོང་ཁག་ནང་ ཆརཔ་དུས་ཚོད་ཁར་ རྐྱབ་མ་བཏུབ་མི་དང་ ཞིང་ཆུའི་རྐ་འགོ་ལུ་ ཆུ་བསྐམས་མི་གིས་ རེད་ཀྱི་ཐོན་སྐྱེད་འབད་ནི་ལུ་ ཐོ་ཕོག་དོ་ཡོདཔ་ཨིན་པས།
ཐོན་སྐྱེད་ཚུ་ལུ་ལྟཝ་ད་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ བྱཱ་གི་ཐོན་སྐྱེད་ཚུ་ མར་བབས་སོང་ཡོདཔ་སྦེ་ཨིནམ་ད་ སྤུ་ན་ཁ་དེ་ སྤྱིར་བཏང་རེད་ཀྱི་ཐོན་སྐྱེད་ཅན་དང་ སྤྱི་ལོ་༢༠༢༣ ནང་ རེད་མེ་ཊིག་ཊཱོན་༧,༧༦༡ ཐོན་སྐྱེད་འབད་བའི་ཁར་ ལོ་ཧེ་མམ་དང་ཕྱདཔ་ད་ རེད་མེ་ཊིག་ཊཱོན་༢༩༩ དེ་ཅིག་ མར་བབས་སོང་ཡོདཔ་སྦེ་ཨིན་པས།
འབྲུག་སོ་ནམ་དང་ སྒོ་ནོར་གྲངས་རྩིས་༢༠༢༣ ཅན་མ་ལྟར་དུ་འབད་བ་ཅིན་ ཆུ་ཞིང་ལག་ལེན་འཐབ་མི་༢,༢༧༢ ཡོད་མི་གིས་ ས་ཆ་ཨེ་ཀར་༣,༨༠༣.༨༡ གི་ཁྱབ་ཚད་ཡོད་མིའི་ནང་ ས་ཆ་ཨེ་ཀར་༣,༦༨༥.༠༣ བསྡུ་གསོག་འབད་དོ་ཡོདཔ་སྦེ་ཨིན་པས།
དེ་བཟུམ་གྱི་ཐོན་ཤུགས་ མར་བབས་སོང་མི་དེ་ སྤུ་ན་ཁ་ལུ་ཨིནམ་ད་ བྱཱ་གི་ཐོན་སྐྱེད་སྦོམ་འབད་མི་ སྤ་རོ་དང་ དབང་འདུས་ཚུ་ནང་ཡང་ མར་བབས་སོང་ཡོདཔ་སྦེ་ཨིནམ་ད་ སྤུ་ན་ཁ་རྐྱངམ་གཅིག་གིས་ ཁྱབ་ཚད་བརྒྱ་ཆ་༡༩ དང་ སྤ་རོ་ལུ་བརྒྱ་ཆ་༡༧ དེ་ལས་ དབང་འདུས་ལུ་ བརྒྱ་ཆ་༡༡ རྒྱལ་ཡོངས་ནང་ ཐོན་སྐྱེད་འབད་མི་ཨིན་པས།
སྤྱི་ལོ་༢༠༢༢ ལུ་ སྤུ་ན་ཁ་ལུ་ རེད་མེ་ཊིག་ཊཱོན་༨,༠༥༩ བསྡུ་གསོག་འབད་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༢༡ དང་ཕྱདཔ་ད་ རེད་མེ་ཊིག་ཊཱོན་༡,༥༤༩ ཡར་སེང་སོང་ཡོདཔ་སྦེ་ ཨིནམ་བཞིན་དུ་ སྤུ་ན་ཁ་རྫོང་ཁག་གིས་ སྤྱི་ལོ་༢༠༢༢ ལུ་ རེད་ཀྱི་ཐོན་སྐྱེད་འབད་མི་ མཐོ་ཤོས་སྦེ་ཡོདཔ་ཨིན་པས།
གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ཐོ་ཕོག་དོ་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ འབྱ་གི་ཐོན་ཤུགས་ལེགས་ཤོམ་ཡོད་མི་ཚུ་ འཛུགས་སྐྱོང་འབད་དོ་ཡོདཔ་ཨི་ནཔས།
སོ་ནམ་གཙོ་འཛིན་འགོ་དཔོན་འོགམ་ དགེ་སློང་གིས་ བཤད་མིའི་ནང་ སྤྱི་ལོ་༢༠༢༣ ལུ་ རེད་ཀྱི་ཐོན་སྐྱེད་མར་བབས་སོང་མི་དེ་ གཙོ་བོ་ར་ ཞིང་ཆུའི་དཀའ་ངལ་ལུ་བརྟེན་ ཨིན་ཟེར་ཨིནམ་ད་ དེ་ཡང་ སོ་ནམ་པ་ཚུ་ ལྕང་ལཱ་གི་དུས་ཚོད་ཁར་ ཞིང་ཆུ་མེད་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པར་ ལུས་ཡོདཔ་ལས་ དེ་གིས་ འབྲས་བུ་འཚོ་པའི་སྐབས་སུ་ གནོད་པ་བྱུངམ་མས་ཟེར་ཨིནམ་ད་ གཞན་ཡང་ མགུ་མ་རྒེད་འོག་ནང་བཟུམ་ཅིག་ འབད་བ་ཅིན་ ཞིང་ཆུ་མེད་མི་ལུ་བརྟེན་ སོ་ནམ་པ་ལ་ལོ་ཅིག་གིས་ ས་ཆ་ཚུ་་སྟོངམ་བཞག་ཡོདཔ་སྦེ་ཨིན་པས།
ན་ཧིང་གི་ལོ་ནང་ མགུ་མ་རྒེད་འོག་གི་མི་སེར་ཚུ་ ས་ཆ་ཨེ་ཀར་༣༢,༦༥ ལྕང་ལཱ་རྐྱབ་མ་ཚུགས་པར་ སྤང་ལུས་པའི་ཁར་ ཆུ་སྦུག་རྒེད་འོག་ནང་ ས་ཆ་ཨེ་ཀར་༡༠.༩༡ དེ་ལས་ རྟ་ལོག་ལུ་ ས་ཆ་ཨེ་ཀར་༡༠.༨༨ སྤང་ ལུས་ཡོདཔ་ཨིན་པས།
གཙོ་འཛིན་འོགམ་གིས་ བཤད་མིའི་ནང་ གལ་སྲིད་ ཞིང་ཚུ་སྤང་མ་ལུསཔ་འདྲཝ་འབད་བ་ཅིན་ ཐོན་སྐྱེད་མར་བབས་ མ་འགྱོཝ་འོང་ཟེར་ཨིནམ་ད་ ལྕང་ལཱ་རྐྱབ་ནིའི་དོན་ལུ་ གཙང་ཆུའི་ཉེ་འདབས་ལས་ཕར་ ཡོད་མི་ཚུ་གིས་ གཙང་ཆུ་ནང་ལས་ ཆུ་འཐེན་ཐོག་ལས་ ལག་ལེན་འཐབ་ཡོདཔ་སྦེ་ཨིན་པས།
གཞན་ཡང་ ཁོ་གིས་འབད་བ་ཅིན་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ཆུའི་རྐ་ཚུ་ཡང་ ཧེ་མ་དང་ཕྱདཔ་ད་ ཆུང་སུ་འགྱོཝ་མས་ཟེར་ཨིན་པས།
དེ་འབདཝ་ད་ དུས་ཅི་འབད་བ་ཅིན་ ཆརཔ་དུས་ཚོད་ཁར་རྐྱབ་ནི་དེ་གིས་ མི་སེར་སོ་ནམ་པ་ཚུ་ བྱཱ་གི་ཐོན་སྐྱེད་ལེགས་ཤོམ་འོང་ནིའི་ རེ་བ་ཡོད་ཟེར་ཨིན་པས།
སྤུ་ན་ཁ་ལུ་ ཆུ་ཞིང་ཨེ་ཀར་༧,༢༣༨.༠༥ ཡོདཔ་ད་ མགུ་མ་རྒེད་འོག་ནང་ ཨེ་ཀར་༩༦༥ ཡོདཔ་མ་ཚད་ འཛོམས་མི་ལུ་ཨེ་ཀར་༩༣༢.༥ སྟོད་ཝང་ལུ་ཨེ་ཀར་༩༣༠ མགོན་ཤར་རི་ལུ་ཨེ་ཀར་༢༢༡.༦༩ གླིང་མུ་ཁ་ལུ་ ཨེ་ཀར་༢༧༦ དེ་ལས་ རྟ་ལོག་ལུ་ ཨེ་ཀར་༣༨༧ ཡོདཔ་ཨིན་པས།
སྤྱིར་བཏང་ སྤུ་ན་ཁ་ལུ་ རྒེད་འོག་༡༡ ཡོད་མི་ཚུ་ཡང་ བརཔ་ ཆུ་བུར་ འཛོམས་མི་ དགོན་ཤར་རི་ མགུ་མ་ དཀར་སྦྱིས་ས་ གླིང་མུ་ཁ་ ཤེལ་རྔ་ན་ རྟ་ལོག་ སྟོད་སྦིས་ས་ དེ་ལས་ སྟོད་ཝང་ཚུ་ཨིན་པས།
རེད་ཀྱི་ཐོན་སྐྱེད་ཚུ་ མ་འདྲཝ་སྦེ་ཡོད་པའི་གྲས་ལས་ ངཔ་བྱཱ་ ཏཱན་ཚེ་རིང་ ཤེལ་རྔཔ་དམརཔོ་ ཁམ་ཀྲེ་ དར་མགོ་གཡང་སྒོརམ་ ཨའི་ཨར་-༦༤ དེ་ལས་ བོང་འབྲས་ཚུ་ཨིན་པས།
གོང་ཚད་ཀྱི་ཐད་ལས་འབད་བ་ཅིན་ ཀེ་ཇི་ཕྱེད་དང་གཉིས་འབད་མི་ བྲེ་གང་ལུ་ གོང་ཚད་དངུལ་ཀྲམ་༡༤༠ དང་༡༧༠ གི་བར་ན་ བཙོང་དོ་ཡོདཔ་ད་ འདི་ཚུ་གི་གྲས་ལས་ བོང་འབྲས་དེ་ གོང་ཚད་མཐོ་ཤོས་ཅིག་སྦེ་ བྲེ་གང་ལུ་ གོང་ཚད་དངུལ་ཀྲམ་༢༠༠ རེ་སྦེ་ བཙོང་དོ་ཡོདཔ་ཨིན་པས།
རྫོང་ཁག་གི་གྲས་ལས་ རེད་ཀྱི་ཐོན་སྐྱེད་འབད་མི་ མཐོ་ཤོས་དེ་ འཛོམས་མི་རྒེད་འོག་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement