༉ སྤྱི་ཟླ་༧ པའི་ཚེས་༩ ལུ་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ གསལ་སྟོན་འབད་མི་ སོ་ནམ་གཅིག་སྒྲིལ་དང་ སྒོ་ནོར་གྲངས་རྩིས་༢༠༢༣ ཅན་མ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ འདས་པའི་ལོ་ནང་ འབྲུ་སྣའི་ཐོན་སྐྱེད་ཚུ་ རྒྱ་ཆེ་དྲགས་སྦེ་ར་ མར་བབས་སོང་ཡོདཔ་ཨིན་པས།
འབྲུག་གིས་ སོ་ནམ་དང་འབྲེལ་བའི་གནད་དོན་ནང་ སོ་ནམ་གྱི་ལཱ་འབད་མི་༦༩,༠༠༨ ཐོ་བཀོད་འབད་ཡོད་མི་ལས་ བཟའ་ཚང་གི་དོན་ལུ་ སོ་ནམ་ལཱ་འབད་མི་༦༦,༤༤༠དང་ ཚོང་འབྲེལ་གྱི་དོན་ལུ་ སོ་ནམ་ཐོན་སྐྱེད་འབད་མི་༢,༥༦༨ ཡོདཔ་ད་ དེ་གིས་ སྤྱི་ལོ་༢༠༢༢ ལུ་ སོ་ནམ་གྱི་ལཱ་འབད་མི་༦༧,༠༩༣ ལུ་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ འབྲུ་སྣའི་རིགས་ཀྱི་ ཐོན་སྐྱེད་ཡོངས་བསྡོམས་ མེ་ཊིག་ཊཱོན་༦༨,༧༨༦ འབད་མི་གིས་ འདས་པའི་ལོའི་ཐོན་སྐྱེད་ མེ་ཊིག་ཊཱོན་༧༠,༡༦༨ འབད་མི་དེ་ལས་ བརྒྱ་ཆ་༢ མར་བབས་སོང་ཡོདཔ་ཨིན་པས།
སོ་ནམ་གྱི་ལཱ་འབད་མི་ཚུ་འབད་རུང་ སྤྱི་ལོ་༢༠༢༢ ལུ་ ངོ་རྐྱང་༢༢,༡༣༨ ཡོད་མི་ལས་ སྤྱི་ལོ་༢༠༢༣ ལུ་ ངོ་རྐྱང་༢༡,༨༩༡ ལུ་ མར་བབས་སོང་ཡོདཔ་ཨིན་པས།
འབྲུ་སྣའི་ཐོན་སྐྱེད་འབད་མི་དེ་ གཙོ་བོ་ར་ སྤུ་ན་ཁ་དང་ སྤ་རོ་ དེ་ལས་ དབང་འདུས་རྫོང་ཁག་ཚུ་ཨིནམ་ད་ རྫོང་ཁག་དེ་གིས་ ཐོན་སྐྱེད་ཡོངས་བསྡོམས་ལས་ བརྒྱ་ཆ་༣༠ཡོདཔ་ད་ སྤུ་ན་ཁ་རྐྱངམ་གཅིག་གིས་ ཐོན་སྐྱེད་མེ་ཊིག་ཊཱོན་༧,༩༧༡ འབད་ཡོདཔ་ཨིན་པས།
བྱཱ་གི་ཐོན་སྐྱེད་ཚུ་ མེ་ཊིག་ཊཱོན་༤༠,༥༦༣ འབད་མི་དང་ བྱཱ་རིགས་མེན་པའི་ཐོན་སྐྱེད་ མེ་ཊིག་ཊཱོན་༢༤༡ འབད་མི་གིས་ སྤྱི་ལོ་༢༠༢༢ དང་ཕྱདཔ་ད་ བརྒྱ་ཆ་༠.༥ དང་༠.༢ ལུ་ མར་བབས་སོང་ཡོདཔ་སྦེ་ཨིན་པས།
སྤུ་ན་ཁ་ལུ་ བྱཱ་གི་ཐོན་སྐྱེད་ མེ་ཊིག་ཊཱོན་༧,༧༦༡ འབད་མི་གིས་ འདས་པའི་ལོ་དང་ཕྱདཔ་ད་ དུམ་གྲ་ཅིག་ མར་བབས་སོང་ཡོདཔ་ད་ སྤ་རོ་ལུ་འབད་བ་ཅིན་ མེ་ཊིག་ཊཱོན་༧,༠༢༤ འབད་མི་གིས་ སྤྱི་ལོ་༢༠༢༢ དང་ཕྱདཔ་ད་ མེ་ཊིག་ཊཱོན་༨༢༠ལུ་ ཡར་སེང་སོང་ཡོདཔ་སྦེ་ཨིནམ་ད་ དབང་འདུས་ལུ་ མེ་ཊིག་ཊཱོན་༤,༤༤༩ འབད་མི་གིས་ དུམ་གྲ་ཅིག་ མར་བབས་སོང་ཡོདཔ་སྦེ་ཨིན་པས།
གེ་ཟ་གི་ ཐོན་སྐྱེད་འབད་བ་ཅིན་ ཤུགས་ཆེ་ཤོས་ར་ བཀྲ་ཤིས་སྒང་དང་ མོན་སྒར་ པདྨ་དགའ་ཚལ་ དེ་ལས་ རྩི་རང་རྫོང་ཁག་ཚུ་ནང་ཨིན་པས།
རྒྱལ་ཁབ་ནང་ ནག་གི་རིགས་ མེ་ཊིག་ཊཱོན་༩༦༥.༥༡ དང་ ཀར་མེ་ཊིག་ཊཱོན་༨༣༧.༠༡ མོན་བྱཱ་མེ་ཊིག་ཊཱོན་༥༣༠.༢༦ བྱཱོ་མེ་ཊིག་ཊཱོན་༥༡༨.༡༣ ཐོན་སྐྱེད་འབད་ཡོདཔ་ཨིན་པས།
འབྲུག་གི་སོ་ནམ་པ་ཚུ་གིས་ ཚོད་བསྲེ་གི་རིགས་མ་འདྲཝ་ཚུ་ འཛུགས་སྐྱོང་འབད་དོ་ཡོདཔ་ལས་ ཀ་ཀུ་རུ་དང་ སྲནམ་ཅུམ་སྦལ་ཁ་ འདབ་མ་ཀོ་པི་ མེ་ཏོག་ཀོ་པི་ ཨེ་མ་ བོར་ཀོ་ལི་ སྲནམ་ཅུམ་གྱི་རིགས་ཚུ་ ཤུགས་ཆེ་སུ་སྦེ་ཡོདཔ་ད་ འདས་པའི་ལོ་ལུ་ ཚོད་བསྲེ་མེ་ཊིག་ཊཱོན་༢༦,༨༢༥ འབད་མི་གིས་ སྤྱི་ལོ་༢༠༢༢ ལུ་ མེ་ཊིག་ཊཱོན་༢༦,༧༢༦ དང་ཕྱདཔ་ད་ དུམ་གྲ་ཅིག་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
མར་ཁུ་བཙིར་ནིའི་དོན་ལུ་ ཐོན་སྐྱེད་ཚུ་འབད་བ་ཅིན་ སྤྱི་ལོ་༢༠༢༢ དང་ཕྱདཔ་ད་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
འབྲུག་ལུ་འབད་བ་ཅིན་ ཀེ་བ་དང་ ཚལ་ལུ་ ཨེ་པཱལ་ཚུ་ དངུལ་ཐོག་གཙོ་བོ་ཅིག་ཨིནམ་ད་ སྤྱི་ལོ་༢༠༢༣ ལུ་ ཐོན་སྐྱེད་ཡོངས་བསྡོམས་མེ་ཊིག་ཊཱོན་༣༨,༣༢༧ འབད་བའི་ཁར་ སྤྱི་ལོ་༢༠༢༢ ལུ་ ཐོན་སྐྱེད་མེ་ཊིག་ཊཱོན་༦,༧༦༨ འབད་ཡོདཔ་ཨིན་པས།
ད་རུང་ འབྲུག་གིས་ ཤིང་ཐོག་དང་ རྡོག་མ་ཚུ་ རྒྱ་ཆེཝ་སྦེ་ཐོན་སྐྱེད་འབད་ཡོདཔ་ད་ སྤྱི་ལོ་༢༠༢༣ ལུ་ ཤིང་ཐོག་མེ་ཊིག་ཊཱོན་༤༢,༧༨༠ཐོན་སྐྱེད་འབད་བའི་ཁར་ ཨེ་པཱལ་མེ་ཊིག་ཊཱོན་༣༤,༨༩༥ དང་ ཚལ་ལུ་ དེ་ལས་ རྡོག་མའི་ཐོན་སྐྱེད་ཡོདཔ་མ་ཚད་ ཨ་པའི་མགུ་ཏོ་དང་ ཀི་ཝི་ ཌའེ་གཱོན་ཤིང་འབྲས་བསྡོམས་ མེ་ཊིག་ཊཱོན་༨༤ ཐོན་སྐྱེད་འབད་ཡོདཔ་ཨིན་པས།
རྫོང་ཁག་ལྟར་དུ་འབད་བ་ཅིན་ སྤ་རོ་གིས་ ཨེ་པཱལ་ཐོན་སྐྱེད་ནང་ ཨང་དང་པ་དང་ དེ་གི་ཤུལ་ལས་ ཐིམ་ཕུག་ ཧཱ་ བུམ་ཐང་ བསམ་རྩེ་ གསར་སྤང་ དེ་ལས་ དར་དཀར་ནང་ཚུ་ཨིནམ་ད་ གཞན་ཡང་ དར་དཀར་ནང་ རྩི་རང་ གཞལམ་སྒང་ དེ་ལས་ རྫོང་ཁག་གཞན་༦ གིས་ ཚལ་ལུའི་ཐོན་སྐྱེད་ཚུ་ ལེགས་ཤོམ་འབད་ཡོད་པའི་གནས་ཚུལ།
ཚེ་རིང་དབང་འདུས།