༉ སྤྱི་ལོ་༢༠༢༤ གི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་དབྱེ་ཁག་༡༡ ཡོད་མི་ལས་ ཨམ་སྲུ་ཚུ་གིས་ ཁག་༩ ནང་ ཨང་དང་པ་ ཐོན་ཡོདཔ་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྤྱི་ཟླ་༡༢ པའི་ཚེས་༥ ལུ་ གྲུབ་འབྲས་གསལ་སྟོན་འབད་ཡོདཔ་ད་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༢,༡༩༥ གིས་ སྐུགས་ཚད་བརྒྱ་ཆ་༥༠ ཡན་ཆད་ཐོབ་ཡོདཔ་བཞིན་དུ་ དེ་ཁར་ ཕོ་སྐྱེས་༡,༠༠༦ དང་ ཨམ་སྲུ་༡,༡༨༩ ཡོདཔ་ད་ དུས་ཅི་གི་ལོ་ནང་ མཐར་འཁྱོལ་གྱི་བརྒྱ་ཆ་དེ་ བརྒྱ་ཆ་༧༨.༢༥ ཨིནམ་ལས་ ན་ཧིང་དང་ཕྱདཔ་ད་ བརྒྱ་ཆ་༦.༣ ཡར་སེང་སོང་ཡོདཔ་ཨིན་པས།
ཨམ་སྲུ་ངོ་རྐྱང་ཚུ་གིས་ དབྱེ་ཁག་སོ་སོར་ཚུ་ནང་ལས་ ཨང་དང་པ་ཐོན་ཡོདཔ་ད་ དེ་ཡང་ འཕྲུལ་རིག་དང་ གསོ་བའི་ཞབས་ཏོག་ བཟོ་རིག་འགོ་དཔོན་ བརྡ་དོན་འཕྲུལ་རིག་ ཁྲིམས་དོན་ སྐྱེ་ཁམས་ཚན་རིག་ བདག་སྐྱོང་ དངུལ་རྩིས་ དེ་ལས་ ཤེས་རིག་ཚུ་ཡོདཔ་ཨིན་པས།
བང་ལ་དེཤ་ རཱཇི་ཤ་ཧི་གསོ་བའི་གཙུག་ལག་ནང་ལས་ པདྨ་བདེ་ཆེན་གྱིས་ སྐུགས་ཚད་བརྒྱ་ཆ་༧༨.༡༨ ཐོབ་སྟེ་ ཨེམ་བི་བི་ཨེསི་གི་ དབྱེ་ཁག་ནང་ལས་ ཨང་དང་པ་ཐོན་ཡོདཔ་ཨིན་པས།
རྒྱལ་འཛིན་ཐིམ་ཕུག་མཐོ་རིམ་སློབ་གྲྭ་ལས་ མ་ནི་སྒྲོལམ་གིས་ སྐུགས་བརྒྱ་ཆ་༨༠.༦༦ ཐོབ་སྟེ་ གསོ་བའི་ཞབས་ཏོག་ཚན་རིག་ནང་ ཨང་དང་པ་ཐོན་པའི་ཁར་ པདྨ་གསལ་སྒྲོན་གྱིས་ རྒྱ་གར་ཨེ་མི་ཏི་སྤེལ་ཁང་གི་ བཟོ་རིག་དང་ རྩིས་དཔྱད་དབྱེ་ཁག་ནང་ལས་ སྐུགས་བརྒྱ་ཆ་༧༨.༨༨ ཐོབ་སྟེ་ ཨང་དང་པ་ཐོན་ཡོདཔ་ཨིན་པས།
རྒྱ་གར་ བེ་ལོར་འཕྲུལ་རིག་སྤེལ་ཁང་གི་ བརྡ་དོན་འཕྲུལ་རིག་དབྱེ་ཁག་ནང་ལས་ ཚེ་རིང་དཔལམོ་གིས་ སྐུགས་བརྒྱ་ཆ་༨༠.༥༡ ཐོབ་སྟེ་ ཨང་དང་པ་ཐོན་ཡོདཔ་ད་ འཇིགས་མེད་སེངྒེ་དབང་ཕྱུག་ ཁྲིམས་དོན་སློབ་གྲྭ་ནང་ལས་ ཀུན་དགའ་འོད་ཟེར་གྱིས་ ཁྲིམས་དོན་དབྱེ་ཁག་ནང་ལས་ སྐུགས་བརྒྱ་ཆ་༧༢.༦༠ ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ཨིན་པས།
རྒྱལ་འིན་ཐིམ་ཕུག་མཐོ་རིམ་སློབ་གྲྭ་ བདག་སྐྱོང་ཞབས་ཏོག་དབྱེ་ཁག་ནང་ལས་ ཀུན་དགའ་ལྷ་འཛོམས་ཀྱིས་ སྐུགས་བརྒྱ་ཆ་༦༧.༧༦ ཐོབ་སྟེ་ ཨང་དང་པ་ཐོན་པའི་ཁར་ དགེ་འདུ་ཚོང་འབྲེལ་མཐོ་རིམ་སློབ་གྲྭ་ནང་ལས་ དངུལ་འབྲེལ་ཞབས་ཏོག་གི་ དབྱེ་ཁག་ནང་ལས་ ཆོས་སྐྱིད་དབྱངས་འཛོམས་ཀྱིས་ སྐུགས་བརྒྱ་ཆ་༦༥.༦༤ ཐོབ་སྟེ་ ཨང་དང་པ་ཐོན་ཡོདཔ་ཨིན་པས།
རྒྱ་གར་ཅན་ཌི་གརཐི་གཙུག་ལག་ནང་ལས་ ཤེས་རིག་ཞབས་ཏོག་ནང་ དབང་ཕྱུག་སྒྲོལ་མ་གིས་ སྐུགས་བརྒྱ་ཆ་༦༨.༣༥ ཐོབ་སྟེ་ ཨང་དང་པ་ཐོན་པའི་ཁར་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལས་ པ་སངས་སྒྲོལ་མ་གིས་ སྐུགས་བརྒྱ་ཆ་༧༣.༣༠ ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ཨིན་པས།
རང་བཞིན་སླར་འབྱུང་མཐོ་རིམ་སློབ་གྲྭ་ནང་ལས་ སྐྱེ་ཁམས་ཚན་རིག་གི་ དབྱེ་ཁག་ནང་ལས་ ཕུན་ཚོགས་བསྟན་འཛིན་གྱིས་ སྐུགས་བརྒྱ་ཆ་༧༩.༦༦ ཐོབ་སྟེ་ ཨང་དང་པ་དང་ རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭ་ནང་ལས་ རྫོང་ཁ་གི་དབྱེ་ཁག་ནང་ ཕུརཔ་རྣམ་རྒྱལ་གྱིས་ སྐུགས་བརྒྱ་ཆ་༨༤.༧༢ ཐོབ་སྟེ་ ཨང་དང་པ་ཐོན་ཡོདཔ་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ནང་ འདས་པའི་ལོ་ལྔའི་ནང་འཁོད་ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ མཐོ་བཀོད་འབད་མི་དེ་ དུས་ཅི་ གྱངས་ཁ་མཐོ་ཤོས་ཨིནམ་ད་ དེ་གིས་ འབྲུག་པའི་ན་གཞོན་ཚུ་ལུ་ མི་མང་གི་ཞབས་ཏོག་ཞུ་ནི་ལུ་ སྤྲོ་བ་བསྐྱེད་པའི་རྟགས་མཚན་ ཨིན་མས་ཟེར་ཨིནམ་ད་ ཡོངས་བསྡོམས་ལུ་ མཐོ་རིམ་མཐར་འཁྱོལ་མི་༢,༨༠༥ གིས་ ཆོས་རྒྱུགས་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
གྲུབ་འབྲས་མཐར་འཁྱོལ་བྱུང་མི་ཚུ་ སང་ཕོད་སྤྱི་ཟླ་༡ པའི་ཚེས་༡ ལས་འགོ་བཙུགས་ ས་སྟོང་ཚུ་དང་འཁྲིལ་ ཞི་གཡོག་ནང་བསྐོ་བཞག་འབད་ནི་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ དུས་ཅི་ ས་སྟོང་༡,༡༤༤ གསལ་བསྒྲགས་འབད་མིའི་གྲངས་སུ་ བདག་སྐྱོང་ཞབས་ཏོག་ནང་༥༦ དང་ དངུལ་འབྲེལ་ཞབས་ཏོག་ནང་༤༡ འཕྲུལ་རིག་ཞབས་ཏོག་ནང་༤༠༥ ཤེས་རིག་ཞབས་ཏོག་བེཌ་ནང་༣༧༠ དེ་ལས་ པི་ཇི་ཌི་ཨི་ནང་༢༧༢ ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement